མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དང་ཡཱ་མེ་ནི་ཡཱ། ཨ་སེ་པེད་ཅང་བཅས་རྒྱལ་ཁབ་གསུམ་གྱི་ཙུང་ཐུང་གིས་གྲོས་མོལ་བྱས་ཏེ་ཞི་བའི་སྒོ་ནས་ནཱ་ཁཱའི་འཁྲུག་རྩོད་ཐག་གཅོད་བྱེད་རྒྱུ་ནན་བཤད་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-11 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་། ཡཱ་མེ་ནི་ཡཱའི་ཙུང་ཐུང་སཱ་ཨར་ཅི་ཞང་། ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ་བཅས་ཀྱིས་ཚེས་བཅུ་ཉིན་ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སོ་ཆི་ནས་ཕྱོགས་གསུམ་གྱི་གྲོས་མོལ་སྤེལ་ཏེ། ཁཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་འཁྲུག་རྩོད་གནད་དོན་ལ་གྲོས་བསྡུར་བྱས། མགོ་ཁྲིད་པ་གསུམ་གྱིས་ནན་གྱིས་བསྟན་དོན། ནཱ་ཁཱའི་འཁྲུག་རྩོད་དེ་ཞི་བའི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་ཟེར།

ཕུའུ་ཅིན་གྱིས་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ཡཱ་མེ་ནི་ཡཱ་དང་ཨ་སེ་པེད་ཅང་ཕྱོགས་གཉི་གར་ཞི་བའི་ཐབས་ལ་བརྟེན་ནས་ནཱ་ཁཱའི་འཁྲུག་རྩོད་ཐག་གཅོད་བྱེད་པའི་རེ་འདུན་ལེགས་པོ་ཡོད་པ་དང་། ཕྱོགས་སོ་སོས་བཟོད་སྒོམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྣམ་འགྱུར་བསྟན་ཡོད། ཁོས་བཤད་རྒྱུར། ཨུ་རུ་སི་ཡིས་མུ་མཐུད་དུ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ནཱ་ཁཱའི་འཁྲུག་རྩོད་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

སཱ་ཨར་ཅི་ཞང་དང་ཨ་ལེ་ཡེ་ཧྥུའུ་གཉིས་ཀྱིས་གང་མགྱོགས་ཀྱིས་ནཱ་ཁཱའི་གནད་དོན་ཐག་གཅོད་བྱེད་པར་འཐད་པ་བྱུང་བ་དང་། ཨུ་རུ་སི་ཡིས་དེར་རོགས་རམ་བྱེད་དགོས་པའི་རེ་བ་བཏོན།

སཱ་ཨར་ཅི་ཞང་གིས་བསྟན་དོན། ནཱ་ཁཱའི་གནད་དོན་ཕན་ཚུན་མཐུན་སྦྱོར་བྱས་པའི་རྨང་གཞིའི་སྟེང་། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་མེན་སི་ཁི་ཚན་ཆུང་གི་མཉམ་འབྲེལ་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་གྲོས་གཞིའི་རྩ་དོན་གཞིར་བཟུང་སྟེ་ཐག་གཅོད་བྱེད་དགོས་པ་དང་། ནཱ་ཁཱའི་གནད་དོན་དེ་དམག་དོན་ལ་བརྟེན་ནས་ཐག་གཅོད་བྱེད་ཐབས་མེད་ཟེར།

ཨ་ལེ་ཡེ་ཧྥུའུ་ཡིས་བསྟན་དོན། གྲོས་མོལ་ལ་བརྟེན་ནས་རྒྱལ་སྤྱིའི་ཁྲིམས་སྲོལ་དང་མཐུན་ཞིང་དྲང་བདེན་དང་ཞི་བདེ་མཚོན་པའི་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་དགོས་ཟེར།

ད་ལོའི་ཟླ་བདུན་པའི་ཟླ་མཇུག་དང་ཟླ་བརྒྱད་པའི་ཟླ་མགོར། ཡཱ་མེ་ནི་ཡཱ་དང་ཨ་སེ་པེད་ཅང་གི་ནཱ་ཁཱ་ས་ཁུལ་ནས་འཁྲུག་རྩོད་བྱུང་སྟེ། བསྡོམས་པས་མི་བཅུ་ཕྲག་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་བཏང་བར་འགན་ཁུར་བར་སྐྱོན་འཛུགས་བྱེད་རེས་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག