མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་ཙུང་ཐུང་གིས་དབྱིན་ཇི་དང་ཧྥ་རན་སི། འཇར་མན་བཅས་ཀྱི་མགོ་ཁྲིད་པར་ཁ་པར་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-10 11:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་དགུ་ཉིན་སོ་སོར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་དང་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གཉིས་དང་མཉམ་དུ་འཛམ་གླིང་ཡོངས་ཀྱི་གནད་དོན་གལ་ཆེན་རེ་འགའི་ཐད་ནས་ཁ་པར་གྲོས་མོལ་བྱས།

ཕོ་བྲང་དཀར་པོས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་རག་གི་གནས་བབ་ཐད་ནས་ཨོ་པཱ་མཱ་དང་ཁཱ་མེ་ལུང་། ཨོ་ལིང་ཏི་བཅས་ཀྱིས་རི་ཁུལ་དུ་བཀག་ཡོད་པའི་དབྱི་རག་གི་མི་སེར་དཀྱུས་མར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་དགོས་པའི་ཚུལ་བསྟན། ཁོ་ཚོས་ད་རུང་དབྱི་རག་གི་རྒྱབ་སྐྱོར་ལ་ཇི་ལྟར་ཤུགས་སྣོན་བྱས་ཏེ། དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་དབྱི་རག་མི་དམངས་ཡོངས་ལ་ཐེབས་པའི་འཇིགས་ཉེན་ཐག་གཅོད་པར་གྲོས་བསྡུར་བྱས།

ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་ཨོ་པཱ་མཱ་དང་ཁཱ་མེ་ལུང་། མའོ་ཁི་ཨར་བཅས་ཀྱིས་བསྟན་དོན། ཝུའུ་ཁི་ལན་འཐད་པ་དང་དེས་དབང་ཆ་མ་བསྩལ་བའི་གནས་ཚུལ་འོག མི་ཆོས་རིང་ལུགས་ལ་ཁ་གཡར་ཡོད་ཀྱང་། ཨུ་རུ་སིའི་རྣམ་པ་གང་རུང་གི་ཐེ་གཏོགས་བྱ་འགུལ་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་ཡིན་པ་དང་། དེས་སྔར་ལས་ཚབས་ཆེ་བའི་མཇུག་འབྲས་བཟོ་སྲིད་ཟེར།

ཨོ་པཱ་མཱ་ཡིས་ད་རུང་ཁཱ་མེ་ལུང་དང་མཉམ་དུ་ཅཱ་ཧྲའི་གནས་ཚུལ་ལ་གྲོས་བསྡུར་བྱས། ཁོ་ཚོས་དུས་ཚོད་དོན་གཉིས་རིང་གི་གནས་སྐབས་འཁྲུག་རྩོད་མཚམས་བཞག་རྗེས་ཡང་བསྐྱར་མེ་ཤུགས་འཕུར་མདའི་འཇབ་རྒོལ་བྱུང་བར་རྒོལ་གཏམ་བཏང་བར་མ་ཟད། འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཨ་ཧྥེ་རི་ཁ་གླིང་ནུབ་མར་ཁྱབ་པའི་ཨེ་པའོ་ལཱ་རིམས་ནད་གླེང་བ་དང་། ཨོ་པཱ་མཱ་དང་ཁཱ་མེ་ལུང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་ཚོད་འཛིན་བྱེད་པའི་ཐད་འབད་བརྩོན་བྱས་པར་དགའ་བསུ་ཞུས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་དོན་དེར་སྔར་ལས་རྒྱབ་སྐྱོར་ཆེན་པོ་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག