མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་བར་སྣང་འཇབ་རྒོལ་བྱས་ཏེ་དབྱི་རག་གི་དྲག་ཆས་ཉེས་ཅན་གྱི་མཚོན་ཆ་དང་སྒྲིག་ཆས་ལ་འགས་གཏོར་བཏང་ཡོད་ཟེར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-10 11:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་དགུའི་ཉིན་བསྟན་དོན། ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་རག་བྱང་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་པ་ལས་ཐལ་སྤྱོད་དྲག་ཆས་ཉེས་ཅན་གྱི་མཚོན་ཆ་དང་སྒྲིག་ཆས་ལ་འགས་གཏོར་བཏང་ཡོད་ཀྱང་། དམག་དོན་འགུལ་སྐྱོད་དེས་གཟའ་འཁོར་འགའི་ནང་གནད་དོན་ཐག་གཅོད་བྱེད་ཐབས་མེད་ཟེར།

ཨོ་པཱ་མ་ཡིས་ཉིན་དེར་ཕོ་བྲང་དཀར་པོ་ནས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་རག་ནས་སྤེལ་བའི་དམག་དོན་འགུལ་སྐྱོད་ལ་དུས་ཚོད་རིང་བོ་ཞིག་འགོར་རྒྱུ་ཡིན་པ་དང་། གཟའ་འཁོར་འགའི་ནང་མཇུག་སྒྲིལ་མི་སྲིད་པར་བཤད་ཀྱང་། ཁོས་བྱེ་བྲག་གི་དུས་ཚོད་རེའུ་མིག་འདོན་སྤྲོད་མ་བྱས།

ཨོ་པཱ་མཱ་ཡིས་བསྟན་དོན། ཨ་མེ་རི་ཁས་མུ་མཐུད་དུ་རི་ཁུལ་དུ་བཀག་ཡོད་པའི་དབྱི་རག་གི་མི་སེར་དཀྱུས་མར་འཐུང་ཆུ་དང་ཟས་རིགས་སྟེར་རྒྱུ་ཡིན་པ་དང་། དབྱིན་ཇི་དང་ཧྥ་རན་སིའི་མགོ་ཁྲིད་པས་ཀྱང་དབྱི་རག་གི་མི་སེར་དཀྱུས་མར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་པར་འཐད་པ་བྱུང་ཡོད་ཟེར། ཁོས་ད་རུང་བསྟན་དོན། ཨ་མེ་རི་ཁའི་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་སྲིད་གཞུང་དང་ཁུའུ་ཨར་ཏི་དྲག་ཆས་པར་དམག་དོན་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཨོ་པཱ་མཱ་ཡིས་ས་ངོས་ཀྱི་དམག་དཔུང་དབྱི་རག་ཏུ་མངག་གཏོང་བྱེད་མི་སྲིད་པ་བསྐྱར་སྒྲོག་བྱས་པར་མ་ཟད། ཨ་མེ་རི་ཁས་དུས་ཡུན་རིང་བོ་འགོར་བ་དང་འགྲོ་སོང་ཆེན་པོ་བཏང་བའི་དབྱི་རག་འཐབ་འཁྲུག་ཁྲོད་ནས་བསླབ་བྱ་བསྡུ་ལེན་བྱེད་དགོས་ཟེར།

ཨོ་པཱ་མཱ་ཡིས་ཚེས་བདུན་ཉིན་གྱི་དགོང་མོར་ཨ་མེ་རི་ཁའི་དམག་དཔུང་གིས་གནས་གཏན་འཁེལ་བྱས་ནས་དབྱི་རག་གི་ཐལ་སྤྱོད་དྲག་ཆས་རྩ་འཛུགས་པར་བར་སྣང་འཇབ་རྒོལ་བྱེད་པའི་དབང་ཆ་བསྩལ། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེ་བརྒྱད་ཉིན་བསྟན་དོན། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་དྲག་ཆས་རྩ་འཛུགས་ཀྱི་བྱང་ཕྱོགས་ས་ཁུལ་གྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་ཐེངས་གཉིས་བྱས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག