མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་དང་དབྱིན་ཇི། འཇར་མན་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-10 11:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཧྥ་པུས་ཡུག་སི་དང་། དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧཱ་མིན་ཏི། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཧྲི་ཐེ་ཡུན་མེད་ཨར་བཅས་ཀྱིས་ཚེས་དགུའི་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་ཁག་གཉིས་ཀྱིས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཨེ་ཅིབ་ཀྱིས་དོན་དེའི་ཐད་འབད་བརྩོན་བྱས་པར་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཧྥ་རན་སི་དང་དབྱིན་ཇི། འཇར་མན་བཅས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ཡང་བསྐྱར་བྱུང་བར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཕྱོགས་ཁག་སོ་སོས་མྱུར་དུ་བྱེད་ཐབས་སྤྱད་དེ། མང་ཚོགས་ཀྱི་མི་ཆོས་རིང་ལུགས་ཀྱི་དགོས་མཁོ་བསྐང་དགོས་པར་འདོད།

གསལ་སྒྲོག་ལས་བཤད་རྒྱུར། ཧྥ་རན་སི་དང་དབྱིན་ཇི། འཇར་མན་བཅས་ཀྱིས་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པར་རྒྱབ་སྐྱོར་བྱེད་པ་དང་། དོན་དེའི་ཐད་གྲོས་གཞི་བཏོན་ཡོད་པར་མ་ཟད། མུ་མཐུད་དུ་གྲོགས་པོ་སོ་སོའི་བར་བྱ་བ་སྤེལ་རྩིས་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་དགོས་ན་ངེས་པར་དུ་བྱེད་ཐབས་རེ་འགའ་གཏན་འཁེལ་བྱས་ཏེ། དབྱི་སི་རལ་གྱི་བདེ་འཇགས་ཐད་ཀྱི་སེམས་ཁུར་མེད་པར་བཟོ་བ་དང་། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་ཚད་བཀག་མེད་པར་གཏོང་བའི་རེ་བ་བསྐང་དགོས་ཟེར། གསལ་སྒྲོག་ལས་ནན་གྱིས་བསྟན་དོན། མཇུག་མཐའི་དམིགས་འབེན་ནི་གྲོས་མོལ་སླར་གསོ་བྱས་ཏེ། དབྱི་སི་རལ་དང་ཕཱ་ལེ་སི་ཐན་རྒྱལ་ཁབ་གཉིས་ཀྱི་ཐག་གཅོད་ཇུས་གཞིར་གྲོས་བསྡུར་བྱེད་རྒྱུ་ཡིན་པར་མ་ཟད། དེ་ནི་འཁྲུག་རྩོད་གནད་དོན་ཐག་གཅོད་པ་དང་འཁྲུག་རྩོད་ལས་བྱུང་བའི་དཀའ་སྡུག་སྣ་ཚོགས་མཇུག་སྒྲིལ་བའི་བྱེད་ཐབས་ཉག་ཅིག་ཡིན་ཟེར།

ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་ཚེས་ལྔ་ཉིན་ནས་བཟུང་དུས་ཚོད་དོན་གཉིས་རིང་འཁྲུག་རྩོད་མཚམས་བཞག་རྗེས་ཚེས་བརྒྱད་ཉིན་ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་ནས་ཡང་བསྐྱར་འཁྲུག་རྩོད་བྱས། ཕྱོགས་གཉིས་ཀྱི་འཐུས་ཚབ་ཚོགས་པས་ཁེ་རོ་ཡི་གྲོས་མོལ་ལའང་གྲུབ་འབྲས་ཐོབ་མེད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག