མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་ཚབ་ཚོགས་པ་དང་ལི་པུ་ཡཱའི་ཕྱོགས་ཁག་སོ་སོས་འཁྲུག་རྩོད་མཇུག་སྒྲིལ་བའི་ཐད་གྲོས་མོལ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-09 11:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བརྒྱད་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ལི་པུ་ཡཱའི་གནད་དོན་གྱི་དམིགས་བསལ་འཐུས་མི་གཞོན་པ་ཨེ་ཧཱ་མེད་ཏི་ཡིས་ཉེ་སྔོན་ལི་པུ་ཡཱའི་རྒྱལ་ས་ཏི་ལེ་པའོ་ལི་ནས། ལི་པུ་ཡཱའི་ཕྱོགས་ཁག་སོ་སོ་དང་མཉམ་དུ་དྲག་ཤུགས་འཁྲུག་རྩོད་མཇུག་སྒྲིལ་བའི་ཐད་ནས་གྲོས་མོལ་བྱས་ཟེར།

ཨེ་ཧཱ་མེད་ཏི་ཡིས་ཁྲིད་པའི་འཐུས་ཚབ་ཚོགས་པ་དེ་གཙོ་བོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པའི་ཁོངས་མིས་གྲུབ་ཡོད། འཐུས་ཚབ་ཚོགས་པས་ལི་པུ་ཡཱའི་མི་ཆོས་རིང་ལུགས་ཀྱི་དགོས་མཁོར་དཔྱད་འཇོག་བྱས་ཏེ། མི་སེར་དཀྱུས་མའི་འཐབ་འཁྲུག་གི་སྡུག་བསྔལ་ཞི་འཇགས་སུ་གཏོང་བའི་བྱེད་ཐབས་འཚོལ་ཞིབ་བྱེད་རྒྱུ་རེད།

ཨེ་ཧཱ་མེད་ཏི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། ལི་པུ་ཡཱ་ནས་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པར་བརྩོན་རྒྱུ་ཡིན་ཟེར།

མིག་སྔར། ལི་པུ་ཡཱ་ཉིས་སྟོང་བཅུ་གཅིག་ལོར་ཁཱ་ཀྲ་ཧྥེ་སྲིད་དབང་རྩ་རྫོགས་བྱས་རྗེས་ཀྱི་ཆེས་ཚབས་ཆེ་བའི་དྲག་ཆས་འཁྲུག་རྩོད་ཀྱི་ཀློང་དུ་ལྷུང་ཡོད་པ་དང་། དྲག་ཆས་ཕྱོགས་ཁག་སོ་སོས་རྒྱལ་ས་ཏི་ལེ་པའོ་ལི་དང་ཤར་ཕྱོགས་ཀྱི་གྲོང་ཁྱེར་པན་ཅཱ་ཞི་སོགས་ནས་འཁྲུག་རྩོད་མུ་མཐུད་དུ་སྤེལ་བཞིན་ཡོད་ལ། ད་ལྟ་ཏི་ལེ་པའོ་ལི་དང་བར་ཐག་སྤྱི་ལེ་ལྔ་བཅུ་ཙམ་ལས་མེད་པའི་ཀྲ་ཝེ་ཡེ་ས་ཁུལ་དུའང་འཁྲུག་རྩོད་བྱུང་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག