མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་མ་ཐུབ་པར་ཡིད་ཕངས་བའི་ཚུལ་བསྟན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-09 11:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་བརྒྱད་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཉིན་དེར་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པར་གྲོས་མཐུན་འགོད་མ་ཐུབ་པར་ཡིད་ཕངས་བའི་ཚུལ་བསྟན་པ་དང་། འཁྲུག་རྩོད་ཁྲོད་སྔར་ལས་མང་བའི་མི་སེར་དཀྱུས་མའི་ཚེ་སྲོག་ཤོར་བ་དང་དཀའ་སྡུག་བཟོས་པར་བཟོད་ཐབས་མེད་པ་ནན་བཤད་བྱས།

ཕན་ཅི་ཝུན་གྱིས་ཡང་བསྐྱར་དབྱི་སི་རལ་ལ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་པའི་བྱ་སྤྱོད་ལ་རྒོལ་གཏམ་བ་དང་། ཕྱོགས་སོ་སོས་མྱུར་དུ་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པར་མུ་མཐུད་དུ་གྲོས་མོལ་བྱེད་དགོས་པའི་སྐུལ་མ་བཏང་།

ཕན་ཅི་ཝུན་གྱིས་བསྟན་དོན། འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ཇེ་རིང་དུ་གཏོང་བ་དེ་གྲོས་མོལ་ལ་གྲུབ་འབྲས་ཐོབ་པ་དང་། སྔར་མོ་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་གཙོ་བོ་ཐག་གཅོད་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར། ཁོས་ཕྱོགས་ཁག་སོ་སོས་དམག་དོན་འགུལ་སྐྱོད་སྤེལ་མི་རུང་བའི་འབོད་སྐུལ་བཏང་བ་དང་། དེ་ལྟར་བྱས་ན་ཅཱ་ཧྲ་ས་ཁུལ་གྱི་ཡ་ང་བའི་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་སྔར་ལས་ཇེ་སྡུག་ཏུ་འགྲོ་ངེས་རེད་ཟེར།

ཕཱ་ལེ་སི་ཐན་འཕྲོད་བསྟེན་སྡེ་ཁག་གིས་བསྡོམས་རྩིས་བྱས་པ་ལྟར་ན། ཟླ་ངོ་གཅིག་ལྷག་འགོར་བའི་དབྱི་སི་རལ་གྱི་རྣོ་དབལ་སྲུང་བའི་འགུལ་སྐྱོད་ལས་ཕཱ་ལེ་སི་ཐན་གྱི་མི་སྟོང་གཅིག་དང་དགུ་བརྒྱ་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་གཅིག་ཙམ་ལ་རྨས་ཕོག དབྱི་སི་རལ་ཕྱོགས་ཀྱིས་བཤད་རྒྱུར། དབྱི་སི་རལ་གྱི་མི་རེ་བདུན་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་མི་རེ་བཞི་དམག་མི་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག