མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་རག་ཐལ་སྐྱོད་རྩ་འཛུགས་ལ་སྐོར་གཉིས་པའི་བར་སྣང་གི་འཇབ་རྒོལ་སྤེལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-09 11:46

1.jpg

  ཨ་མེ་རི་ཁས་དབྱི་རག་ཐལ་སྐྱོད་རྩ་འཛུགས་ལ་བར་སྣང་ནས་འཇབ་རྒོལ་བྱས་པའི་བརྙན་རིས་ལས། ཟླ་བརྒྱད་པའི་ཚེས་བརྒྱད་ཉིན། ཨ་མེ་རི་ཁའི་དམག་དཔུང་གིས་བར་སྣང་ནས་འཇབ་རྒོལ་བྱས་རྗེས། དབྱི་རག་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཨེར་པེ་ལེ་འདབས་རོལ་གྱི་ཞིབ་བཤེར་ས་ཚིགས་ཤིག་གི་ཉེ་འདབས་སུ་དུ་བ་འཕྱུར་བཞིན་པ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་ཚེས་བརྒྱད་ཉིན་བསྟན་དོན། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་མིང་ལ་དབྱི་རག་དང་ལེ་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྐྱོད་རྩ་འཛུགས་ཀྱི་དབྱི་རག་བྱང་ཕྱོགས་ལ་ཡོད་པའི་དམིགས་འབེན་ལ་སྐོར་ཐེངས་གཉིས་པར་བར་སྣང་ནས་འཇབ་རྒོལ་བྱས་པ་ཡིན་ཟེར།

  ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། བར་སྣང་ནས་འཇབ་རྒོལ་བྱེད་སའི་དམིགས་ཡུལ་ནི་དབྱི་རག་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཨེར་པེ་ལེ་ཡིན་པ་དང་། བར་སྣང་གི་འཇབ་རྒོལ་ཁག་གཉིས་སུ་བགོས་ཏེ། ཨ་མེ་རི་ཁའི་ཤར་ཕྱོགས་དུས་ཚོད་སྔ་དྲོའི་དུས་ཚོད་བཅུ་དང་། དུས་ཚོད་བཅུ་གཅིག་དང་སྐར་མ་ཉི་ཤུ་གཉིས་ཀྱི་སྟེང་འཇབ་རྒོལ་བྱས་པ་ཡིན། ཐེངས་དང་པོའི་ལས་འགན་དེ་རྒྱང་སྐྱོད་འཐབ་འཛིང་གནམ་གྲུས་ལག་བསྟར་བྱས་པ་དང་། དབྱི་རག་ཐལ་སྐྱོད་རྩ་འཛུགས་ཀྱི་མེ་སྒྱོགས་འཕེན་ས་ཞིག་རྡུལ་དུ་བརླགས། དེའི་རྗེས་སུ་འཐབ་འཛིང་གནམ་གྲུ་བཞིས་སྐུལ་འོད་ཚོད་འཛིན་འགད་རྫས་བརྒྱད་འཕངས་ཏེ། དབྱི་རག་ཐལ་སྐྱོད་རྩ་འཛུགས་ཀྱི་རླངས་འཁོར་རུ་ཁག་གཅིག་དང་མེ་སྒྱོགས་འཕེན་ས་ཞིག་རྡུལ་དུ་བརླགས་ཟེར།

  དེའི་སྔོན་ལ། ཨ་མེ་རི་ཁའི་དམག་དཔུང་གིས་ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་བརྒྱད་ཉིན་གྱི་སྔ་དྲོའི་དུས་ཚོད་དྲུག་དང་སྐར་མ་ཞེ་ལྔའི་སྟེང་སྐོར་དང་པོའི་བར་སྣང་གི་འཇབ་རྒོལ་སྤེལ་ཏེ། འཐབ་འཛིང་གནམ་གྲུ་གཉིས་ཀྱིས་མིང་ལ་དབྱི་རག་དང་ལེ་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྐྱོད་རྩ་འཛུགས་ཀྱིས་ཨེར་པེ་ལེ་ཡི་ཁུའུ་ཨར་ཏི་སྲུང་དམག་ལ་འཇབ་རྒོལ་བྱེད་པར་བཀོལ་བའི་མེ་སྒྱོགས་རྟེན་གཞི་ཞིག་ལ་ལྗིད་ཚད་ལ་སྤྱི་རྒྱ་ཉིས་བརྒྱ་དང་ཉི་ཤུ་ལྷག་ཡོད་པའི་འོད་སྐུལ་ཚོད་འཛིན་འགད་རྫས་གཉིས་འཕངས།

  ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁི་པེ་ཡིས་ཉིན་དེའི་སྔ་མོར་གསལ་སྒྲོག་ཅིག་སྤེལ་ནས་བཤད་རྒྱུར། ཨེར་པེ་ལེ་ས་ཆ་དེ་བར་སྣང་ནས་འཇབ་རྒོལ་བྱེད་སར་བདམས་དོན་ནི་ས་དེ་རུ་ཨ་མེ་རི་ཁའི་མི་མང་པོ་ཡོད་པས་ཡིན་ཟེར། ཡིན་ནའང་ཁི་པེ་ཡིས་ཨ་མེ་རི་ཁའི་འཐབ་འཛིང་དམག་དཔུང་ཡང་བསྐྱར་དབྱི་རག་ལ་འགྲོ་མི་སྲིད་བསྐྱར་བསྒྲགས་བྱས། ཕོ་བྲང་དཀར་པོས་ཀྱང་དོན་དེའི་སྐོར་གླེང་སྐབས། ཨ་མེ་རི་ཁའི་ཐེངས་འདིའི་དམག་དོན་གྱི་ལས་འགན་གཙོ་བོ་ནི་མི་ཆོས་རོགས་སྐྱོབ་འགུལ་སྐྱོད་ཡིན་པས། ཨ་མེ་རི་ཁའི་འཐབ་འཛིང་དམག་དཔུང་ཡང་བསྐྱར་དབྱི་རག་ལ་འགྲོ་མི་སྲིད་ཅེས་ནན་གྱིས་བཤད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག