མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སུའུ་ཏན་ལྷོ་མའི་ཕྱོགས་ཁག་སོ་སོས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-09 11:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བརྒྱད་ཉིན་ཀྲུའུ་ཞིའི་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་ལྷོ་མའི་འཁྲུག་རྩོད་ལས་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་བཟོས་པར་དོ་སྣང་ཆེན་པོ་བྱས་པ་དང་། ཞོར་དུ་སུའུ་ཏན་ལྷོ་མའི་ཕྱོགས་ཁག་སོ་སོས་དེའི་སྔོན་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན་གྱི་ཚུན་ལ་སུའུ་ཏན་ལྷོ་མའི་འཁྲུག་རྩོད་ལས་རྒྱལ་ཁབ་དེའི་ཆབ་སྲིད་དང་བདེ་འཇགས་གནས་བབ་ཇེ་སྡུག་ཏུ་སོང་སྟེ། རིམ་བཞིན་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་བྱུང་བར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཡང་དང་བསྐྱར་དུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། སུའུ་ཏན་ལྷོ་མའི་ཙུང་ཐུང་ཅི་ཨར་དང་སྔོན་ཆད་ཀྱི་ཙུང་ཐུང་གཞོན་པ་མཱ་ཧྲ་ཨར་གྱིསི་མུ་མཐུད་དུ་དམག་དོན་ལ་བརྟེན་ནས་འཁྲུག་རྩོད་དེ་ཐག་གཅོད་བྱེད་པའི་འགུལ་སྐྱོད་འཚོལ་ཞིབ་བྱས་པ་ནི་དང་ལེན་བྱེད་ཐབས་མེད་པའི་བྱ་སྤྱོད་ཅིག་ཡིན་པ་ནན་བཤད་བྱས།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཅི་ཨར་དང་མཱ་ཧྲ་ཨར་སོགས་ཕྱོགས་ཁག་སོ་སོས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱས་ཏེ། བཟོད་སྒོམ་རང་བཞིན་ལྡན་པའི་སྒོ་ནས་ཡཱ་ཏི་སི་ཡཱ་པེད་པཱ་རུ་སྤེལ་བཞིན་པའི་ཞི་བའི་གྲོས་མོལ་ལ་ཞུགས་ནས། ཉིས་སྟོང་བཅུ་བཞི་ལོའི་ཟླ་བརྒྱད་པའི་ཚེས་བཅུ་ཉིན་ཆེས་མཇུག་མཐའི་དུས་བཅད་ཀྱི་སྔོན་བར་བརྒལ་མི་རིགས་མཐུན་སྒྲིལ་སྲིད་གཞུང་འཛུགས་པའི་དམ་བཅའ་ལག་ལེན་དུ་བསྟར་དགོས་པའི་འབོད་སྐུལ་བཏང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ད་རུང་སུའུ་ཏན་ལྷོ་མའི་ཞི་བདེ་དང་བརྟན་འཇགས། བདེ་འཇགས་བཅས་ལ་གཏོར་བརླག་བྱེད་པ་དང་། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་པར་བཀག་རྒྱ་བྱེད་པའི་མི་ལ་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་འདོད་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མི་ཆོས་རིང་ལུགས་ཀྱི་མི་སྣ་དང་སྒྲིག་ཆས་ལ་དམིགས་པའི་འཇབ་རྒོལ་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ཀྱི་ལས་ཁུངས་དང་མཉམ་ལས་གྲོགས་པོ་དག་གིས་མང་ཚོགས་ལ་རྒྱབ་སྐྱོར་གང་ལེགས་བྱས་པར་གཟེངས་བསྟོད་བྱས་པར་མ་ཟད། འཁྲུག་རྩོད་ཕྱོགས་ཁག་སོ་སོས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འཁེལ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མཛུབ་སྟོན་རྩ་དོན་ལྟར་དུ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དེ་བདེ་འཇགས་དང་བཀག་རྒྱ་མི་ཐེབས་པའི་སྒོ་ནས་རོགས་སྐྱོར་མཁོ་བའི་མི་ལ་འདོན་སྤྲོད་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག