མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་ཡིས་དབྱི་རག་གི་ཐལ་སྤྱོད་རྩ་འཛུགས་དང་འཐབ་འཁྲུག་བྱེད་པའི་དྲག་ཆས་སྟོབས་ཤུགས་ལ་རོགས་སྐྱོར་བྱེད་འདོད་ཡོད་པ་ཁྱབ་སྒྲོག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-08 10:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་ཚེས་བདུན་ཉིན་བསྟན་དོན། ཧྥ་སན་སི་རྒྱལ་ཁབ་ཀྱིས་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་འཐབ་འཁྲུག་བྱེད་པའི་དྲག་ཆས་སྟོབས་ཤུགས་ལ་རོགས་སྐྱོར་བྱེད་རྩིས་ཡོད་ཟེར། ཉེ་སྔོན། ཐལ་སྤྱོད་རྩ་འཛུགས་དེས་དབྱི་རག་གི་ཁུའུ་ཨར་དྲག་ཆས་པའི་ལག་ནས་མཁར་གྲོང་རེ་འགའ་འཕྲོག་ལེན་བྱས་ཏེ། མི་སེར་དཀྱུས་མ་མང་བོ་རང་ཁྱིམ་དང་ཁ་འབྲལ་དགོས་བྱུང་ཡོད།

ཨེ་ལོས་ཧྲི་ཕོ་བྲང་གིས་ཚེས་བདུན་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཨོ་ལིང་ཏི་ཡིས་ཉིན་དེར་དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་ཀྲུའུ་ཞི་པཱ་ཨར་ཀྲ་ནེ་ལ་ཁ་པར་བཏང་། ཕྱོགས་གཉིས་ཀྱིས་མཉམ་ལས་བྱས་ཏེ་དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་དབྱི་རག་བྱང་ཤར་ཕྱོགས་ཀྱི་དཔུང་འཇུག་ལ་བཀག་འགོག་བྱེད་འདོད་ཡོད་པའི་ཚུལ་བསྟན། ཁོ་ཚོས་བལྟས་ན། རྩ་འཛུགས་དེས་ཡེ་ཤུའི་ཆོས་ལུགས་དང་ཡཱ་ཚི་ཏིས་ཆོས་ལུགས་ཀྱི་དད་ལྡན་པ་གཙོ་བྱས་པའི་ཆོས་ལུགས་གྲངས་ཉུང་ཕྱོགས་ཁག་ལ་གནོད་སྐྱེལ་བ་ལས་ནག་ཉེས་ཚབས་ཆེན་གྲུབ་ཡོད་པར་འདོད།

སྤྱི་སྒྲོག་ལས་བཤད་རྒྱུར། ཨོ་ལིང་ཏི་ཡིས་པཱ་ཨར་ཀྲ་ནེ་ལ་བཤད་རྒྱུར། ཧྥ་རན་སི་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བྲེལ་མྱུར་གྲོས་ཚོགས་སྟེང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་རག་ནས་བྱུང་བའི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་བྱེད་པ་དང་། འཇིགས་ཉེན་ཐེབས་པའི་དབྱི་རག་མང་ཚོགས་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་དགོས་པའི་སྐུལ་མ་གཏོང་རྩིས་ཡོད་ཟེར། ཧྥ་རན་སི་ཡིས་ད་རུང་འཇིགས་སྐུལ་རིང་ལུགས་ཀྱི་རྩ་འཛུགས་དང་འཐབ་འཁྲུག་བྱེད་པའི་དྲག་ཆས་སྟོབས་ཤུགས་ལ་རོགས་སྐྱོར་བྱེད་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག