མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལཱ་སི་མུའུ་སིན་གྱིས་བྱང་ཆིངས་རྩ་འཛུགས་ཀྱིས་ཆབ་སྲིད་ཐད་ནས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-08 10:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་ཚེས་བདུན་ཉིན་ཝུའུ་ཁི་ལན་དུ་འཚམས་འདྲི་བྱས་ཏེ། བྱང་ཆིངས་རྩ་འཛུགས་ཀྱིས་ཆབ་སྲིད་ཐད་ནས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཝུའུ་ཁི་ལན་གྱི་ཙུང་ལི་ཡཱ་ཚེ་ཉིག་ཁི་ཡིས་ཚེས་བདུན་ཉིན་ལཱ་སི་མུའུ་སིན་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་དང་བྱང་ཆིངས་རྩ་འཛུགས་ཀྱིས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་གནད་དོན་ཐད་ནས་གྲོས་མོལ་བྱེད་རྒྱུའི་ཚུལ་བསྟན། བྱང་ཆིངས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་ལ་དངོས་རྫས་དང་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཏེ་ཝུའུ་ཁི་ལན་གྱི་རྒྱལ་སྲུང་ནུས་པ་ཇེ་མཐོར་གཏོང་རྒྱུའི་གྲོས་ཐག་བཅད།

ཡཱ་ཚེ་ཉིག་ཁི་ཡིས་བསྟན་དོན། ཝུའུ་ཁི་ལན་དང་བྱང་ཆིངས་རྩ་འཛུགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་པ་དེ་དེང་སྐབས་ཡོ་རོབ་གླིང་གི་བདེ་འཇགས་ཉམས་ཉེན་ཁྱད་དུ་སེལ་བར་གལ་འགངས་ཧ་ཅང་ཆེ་ཟེར། ཁོས་བྱང་ཆིངས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ལངས་ཕྱོགས་ཡང་དག་བཟུང་བར་བཀའ་དྲིན་ཞུས། ལཱ་སི་མུའུ་སིན་གྱིས་བཤད་རྒྱུར། ཟླ་དགུ་བའི་ཟླ་མགོར་དབྱིན་ཇི་ནས་འཚོག་རྒྱུ་ཡིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྟེང་། བྱང་ཆིངས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་གྱི་གནས་བབ་ཐག་གཅོད་བྱེད་པའི་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་བྱེད་རྒྱུ་ཡིན་ཟེར། ཡཱ་ཚེ་ཉིག་ཁི་ཡིས་དོན་དེར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་ཉིན་དེར་ལཱ་སི་མུའུ་སིན་ལ་རང་དབང་བྱས་རྗེས་རྟགས་མ་གནང་སྟེ། ཁོས་ལོ་མང་བོའི་རིང་ལ་ཝུའུ་ཁི་ལན་དང་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་འབུར་ཐོན་བཞག་པར་གཟེངས་བསྟོད་བྱས། པའོ་ལོ་ཧྲིན་ཁི་ཡིས་བསྟན་དོན། ཝུའུ་ཁི་ལན་དང་བྱང་ཆིངས་རྩ་འཛུགས་ཀྱིས་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་ནི་ཝུའུ་ཁི་ལན་གྱིས་བཅོས་བསྒྱུར་དང་མངའ་ཁོངས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་སྲུང་ཡིན་ཟེར། ལཱ་སི་མུའུ་སིན་གྱིས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་གྱིས་དམངས་གཙོ་རྒྱལ་ཁབ་འཛུགས་པའི་ཆེད་དུ་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཝུའུ་ཁི་ལན་གྲོས་ཁང་གི་གསར་འགྱུར་ལྟེ་གནས་ཀྱིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ་བཤད་རྒྱུར། ལཱ་སི་མུའུ་སིན་གྱིས་ཝུའུ་ཁི་ལན་གྲོས་ཁང་གི་གྲོས་དཔོན་ཐུའུ་ཨར་ཆི་ནོའུ་ཧྥུའུ་དང་གྲོས་མོལ་བྱེད་སྐབས་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་གྱི་མཉམ་ལས་ཆུ་ཚད་ཇེ་མཐོར་གཏོང་རྩིས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག