མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་སུའུ་ཏན་ལྷོ་མའི་རོགས་སྐྱོར་མི་སྣ་དམར་གསོད་བཏང་བར་རྒོལ་གཏམ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-07 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་དྲུག་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཉེ་སྔོན་རོགས་སྐྱོར་མི་སྣ་ལྔ་སུའུ་ཏན་ལྷོ་མ་ནས་དམར་གསོད་བཏང་བར་རྒོལ་གཏམ་དྲག་པོ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་སུའུ་ཏན་ལྷོ་མའི་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཁ་ཚིག་དྲག་པོས་སུའུ་ཏན་ལྷོ་མའི་མི་ཆོས་རིང་ལུགས་རྒུད་སྐྱོབ་རྩ་འཛུགས་ཀྱི་ལས་བྱེད་མི་སྣ་ལྔ་ནེ་ལོ་ཀྲིག་གོང་མའི་མཱ་པན་རྫོང་ནས་དམར་གསོད་བཏང་བར་རྒོལ་གཏམ་བཏང་བ་དང་། འབྲེལ་ཡོད་དབང་འཛིན་ལས་ཁུངས་ཀྱིས་དོན་དེར་རྟོག་ཞིབ་གསལ་བོ་བྱེད་དགོས་པའི་རེ་བ་བཏོན།

ཕན་ཅི་ཝུན་གྱིས་སུའུ་ཏན་ལྷོ་མའི་དྲག་ཆས་སྟོབས་ཤུགས་དང་ཚོགས་ཁག་ཚང་མས་གང་ནུས་ཀྱིས་རོགས་སྐྱོར་མི་སྣ་དང་མི་སེར་དཀྱུས་མར་གནོད་པ་ཐེབས་པར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་བར་མ་ཟད། སུའུ་ཏན་ལྷོ་མའི་ཕྱོགས་ཁག་སོ་སོས་མྱུར་དུ་དམག་དོན་འགུལ་སྐྱོད་མཚམས་བཞག་སྟེ། ཆབ་སྲིད་ལ་བརྟེན་ནས་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་ཝུན་གྱིས་ཨ་ཧྥེ་རི་ཁ་ཤར་མའི་སྲིད་གཞུང་བར་གྱི་འཕེལ་རྒྱས་རྩ་འཛུགས་ཀྱི་མཐུན་སྦྱོར་འོག་སུའུ་ཏན་ལྷོ་མའི་ཕྱོགས་ཁག་སོ་སོས་ཟླ་འདིའི་ཚེས་བཞི་ཉིན་ཨེ་སེ་ཨོ་ཕུ་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེད་པཱ་ནས་གྲོས་མོལ་སླར་གསོ་བྱས་པར་དགའ་བསུ་ཞུས་པ་དང་། ཁོས་ཕྱོགས་སོ་སོས་གྲོས་མོལ་བྱ་འགུལ་གཟབ་ནན་གྱིས་སྤེལ་བ་དང་ཆབ་སྲིད་འཕེལ་རིམ་ལ་ཡར་སྐུལ་བྱས་ནས། དེའི་སྔོན་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་། ཕན་ཅི་ཝུན་གྱིས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་འདིར་སུའུ་ཏན་ལྷོ་མ་དང་ཨ་ཧྥེ་རི་ཁ་གླིང་ས་ཁུལ་དུ་འཚམས་འདྲི་བྱེད་པར་དགའ་བསུ་ཞུས།

བསྒྲགས་པའི་གནས་ཚུལ་ལྟར་ན། ནེ་ལོ་ཀྲིག་གོང་མའི་ས་གནས་དྲག་ཆས་ཚོགས་ཁག་དང་བྲོས་དམག་གིས་ཉེ་སྔོན་འཁྲུག་རྩོད་བྱས་པ་དང་། ཕ་ཡུལ་སུའུ་ཏན་གྱི་ཡིན་པའི་རོགས་སྐྱོར་མི་སྣ་ལྔ་ཚེས་ལྔ་ཉིན་ས་གནས་དྲག་ཆས་མི་སྣས་དམར་གསོད་བཏང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག