མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལིང་གིས་ཧཱ་མཱ་སི་ལ་མེ་ཤུགས་འཕུར་མདའི་ལག་རྩལ་འདོན་སྤྲོད་བྱས་པ་ཁས་ལེན་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-06 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་རྒྱལ་ཁབ་ཁེ་ཕན་གཏན་འབེབས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལོས་ཀྲ་དབྱེ་ཡིས་ཚེས་བཞི་ཉིན་ཁས་ལེན་བྱས་དོན། དབྱི་ལིང་གིས་ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ལ་མེ་ཤུགས་འཕུར་མདའི་ལག་རྩལ་འདོན་སྤྲོད་བྱས་ཏེ། ཧཱ་མཱ་སི་ཡིས་དབྱི་སི་རལ་ལ་དཔུང་འཇུག་བྱེད་པར་རོགས་རམ་བྱས་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཧཱ་མཱ་སི་ཡིས་མེ་ཤུགས་འཕུར་མདའ་བཟོ་ཐུབ་པ་ནི་དབྱི་ལིང་གིས་འབྲེལ་ཡོད་ལག་རྩལ་འདོན་སྤྲོད་བྱས་པས་ཡིན་ཟེར། ལོས་ཀྲ་དབྱེ་ཡིས་བཤད་རྒྱུར། ང་ཚོས་ཕཱ་ལེ་སི་ཐན་གྱི་མི་ལ་འགོག་སྲུང་དང་དམག་དོན་ལག་རྩལ་འདོན་སྤྲོད་བྱེད་དགོས་པ་དང་། དེ་ལྟར་བྱས་ན་ཁོ་ཚོས་བཀག་སྡོམ་ཐེབས་པའི་གནས་ཚུལ་འོག་མཚོན་ཆ་བཟོས་ཏེ་རང་སྲུང་བྱེད་ཐུབ་ཟེར།

ཨ་མེ་རི་ཁའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ལིང་གསར་བརྗེའི་རང་སྲུང་རུ་ཁག་གི་དཔོན་རིགས་ཀྱིས་དེའི་སྔོན་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་ཚོད་འཛིན་བྱེད་པའི་ཧཱ་མཱ་སི་ལ་སྐྱ་རེངས་ལྔ་བ་རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་ཡོད་པ་དང་། དབྱི་ལིང་གིས་མེ་ཤུགས་འཕུར་མདའ་དེའི་བཟོ་སྐྲུན་ལག་རྩལ་འདོན་སྤྲོད་བྱས་ཏེ། ཧཱ་མཱ་སི་ཡིས་ས་གནས་རང་ནས་བཟོ་སྐྲུན་བྱེད་པར་རོགས་རམ་བྱས་པས་དབྱི་ལིང་ནས་ནང་འདྲེན་བྱེད་མི་དགོས་ཟེར།

ལོས་ཀྲ་དབྱེ་ཡིས་བསྟན་དོན། དབྱི་སི་རལ་གྱིས་དེང་སྐབས་ཅཱ་ཧྲ་ས་ཁུལ་ནས་དམག་དོན་འགུལ་སྐྱོད་སྤེལ་བའི་དམིགས་ཡུལ་ནི་ཧཱ་མཱའི་མཚོན་ཆ་དང་དེའི་མེ་ཤུགས་འཕུར་མདའི་གཏོང་འཕེན་ནུས་པར་གཏོར་བཤིག་གཏོང་བའི་ཆེད་དུ་ཡིན། དབྱི་སི་རལ་གྱིས་ས་འོག་རྒྱུ་ལམ་མང་བོ་རྙེད་ནས་གཏོར་བཤིག་བཏང་ཡོད་ཀྱང་། དམིགས་འབེན་དེ་མངོན་འགྱུར་བྱུང་མེད་ལ། ཧཱ་མཱ་སི་ཡིས་མེ་ཤུགས་འཕུར་མདའི་ཐོན་སྐྱེད་ཐད་བཀོལ་བའི་སྒྲིག་ཆས་ལ་སྔར་བཞིན་གནོད་པ་ཅི་ཡང་ཐེབས་མེད་ཟེར།

ལོས་ཀྲ་དབྱེ་ཡིས་སྔོན་ཆད་དབྱི་ལིང་དབྱི་སི་ལན་གསར་བརྗེ་འགོག་སྲུང་རུ་ཁག་གི་དམག་སྤྱིའི་འགན་ཁུར་མྱོང་། ཁོང་གིས་གཟའ་འཁོར་སྔོན་མར་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ལ་འཕྲིན་ཡིག་བསྐུར་ནས། ཁོས་ཧཱ་མཱ་སི་ལ་མཁའ་སྲུང་མ་ལག་འདོན་སྤྲོད་བྱས་ཏེ། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུར་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་མྱོང་།

གསར་འགྱུར་སྨྱན་བྱད་ཀྱིས་ཡོངས་ཁྱབ་ཏུ་བལྟས་ན། དབྱི་སི་རལ་ཁས་ལེན་མི་བྱེད་པའི་དབྱི་ལིང་གིས་དུས་ཡུན་རིང་བོར་ཧཱ་མཱ་སི་ལ་རྒྱབ་སྐྱོར་བྱས་པར་འདོད། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མེ་ནེ་དབྱེ་ཡིས་གཟའ་འཁོར་སྔོན་མར་འཛམ་གླིང་ཡོངས་ཀྱི་མུའུ་སི་ལིན་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་མི་དམངས་ལ་མཚོན་ཆ་འདོན་སྤྲོད་བྱས་ཏེ། ཁོ་ཚོས་དབྱི་སི་རལ་གྱི་དཔུང་འཇུག་ལ་རྒོལ་ལན་སྤྲོད་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག