ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་བྱང་ཕྱོགས་ཀྱི་ནེ་ནེ་ཝེ་ཞིང་ཆེན་གྱི་ཞིན་ཅཱ་ཨར་ས་ཁུལ་ནས་ཉེ་སྔོན་བྱུང་བའི་འཁྲུག་རྩོད་ལས་བྱིས་པ་བཞི་བཅུ་རྐྱེན་ལམ་དུ་ཤོར་བར་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན་པ་དང་། ཞོར་དུ་མིག་སྔར་ས་དེའི་རི་ཁུལ་དུ་ལུས་པའི་བྱིས་པ་ཁྲི་གཉིས་དང་སྟོང་ལྔ་ལ་བྲེལ་མྱུར་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་ཐེབས་རྩ་ཚོགས་པའི་དབྱི་རག་ཏུ་སྡོད་པའི་འཐུས་མི་པཱ་པུས་ཡེ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཟླ་འདིའི་ཚེས་གསུམ་ཉིན་ཁུའུ་ཨར་ཏིའི་དྲག་ཆས་པའི་ལག་ནས་ཞིན་ཅཱ་ཨར་གྲོང་རྡལ་འཕྲོག་ལེན་བྱས་ཏེ། ས་དེའི་མང་ཚོགས་མང་བོ་ཉེ་འདབས་ཀྱི་རི་ཁུལ་དུ་བྲོས་བྱོལ་བྱས། ད་ལྟའི་བར་བྱིས་པ་བཞི་བཅུ་དྲག་ཤུགས་འཁྲུག་རྩོད་དང་ཆུ་དཀོན་པ་སོགས་ལས་རྐྱེན་ལམ་དུ་ཤོར་ཟེར། པཱ་པུས་ཡེ་ཡིས་བཤད་རྒྱུར། ཁྱིམ་གཞིས་བྲལ་བའི་མང་ཚོགས་དེ་དག་ལ་མིག་སྔར་འཐུང་ཆུ་དང་འཕྲོད་བསྟེན་སྒྲིག་ཆས་སོགས་འདུས་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མཁོ་བ་དང་། དེའི་ནང་བྱིས་པ་ཁྲི་གཉིས་དང་སྟོང་ལྔ་ཙམ་ལ་གནོད་པ་ཐེབས་སླ་ཟེར། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་འབྲེལ་ཡོད་ཕྱོགས་སོ་སོས་བྱིས་པ་དེ་དག་ལ་སྲུང་སྐྱོབ་དང་རོགས་སྐྱོར་བྱས་ཏེ། སྔར་ལས་མང་བའི་ཤི་རྨས་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། །