མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་རལ་དང་ཧཱ་མཱ་སི་ཡིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གསར་བ་བཀོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-06 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས་བཞི་ཉིན་ཨེ་ཅིབ་ཕྱོགས་ཀྱིས་བཏོན་པའི་དུས་ཚོད་དོན་གཉིས་རིང་གི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་གསར་བ་ཞིག་ལ་འཐད་པ་བྱུང་བ་དང་། འཁྲུག་རྩོད་མཚམས་བཞག་པའི་སྐབས་སུ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་འཐུས་མི་མངག་ནས་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་ཞི་བའི་གྲོས་མོལ་བྱེད་རྒྱུ་རེད།

ཨེ་ཅིབ་ཀྱི་གྲོས་གཞི་ལྟར་ན། ཚེས་ལྔ་ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་ནས་བཟུང་འཁྲུག་རྩོད་མཚམས་འཇོག་རྒྱུ་རེད།

ལུའུ་ཐིག་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཧཱ་མཱ་སིའི་ཁོངས་མི་དང་བཅས་པའི་ཕཱ་ལེ་སི་ཐན་གྱི་འཐུས་མིས་ཚེས་བཞི་ཉིན་གྱི་སྔ་དྲོར་ཁེ་རོ་ནས་ཨེ་ཅིབ་གསང་འཕྲིན་སྡེ་ཁག་གི་འགན་ཁུར་བ་དང་གྲོས་མོལ་བྱས་ཏེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ཇི་ལྟར་མཇུག་སྒྲིལ་བའི་གནད་དོན་ལ་གྲོས་བསྡུར་བྱས།

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡི་གཞུང་སྒྲུབ་ཁང་གི་དཔོན་པོ་ཞིག་གིས་བཤད་རྒྱུར། དབྱི་སི་རལ་གྱི་བདེ་འཇགས་ནེ་ཀི་ཡིས་ཨེ་ཅིབ་ཀྱིས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱེད་པར་འཐད་པ་བྱུང་ཟེར།

མིང་བཤད་མི་འདོད་པའི་དཔོན་པོ་དེས་བཤད་རྒྱུར། དབྱི་སི་རལ་གྱིས་ཨེ་ཅིབ་ལ་བརྡ་ཐོ་བཏང་སྟེ། ཨེ་ཅིབ་ཀྱིས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱས་ཟེར།

ཅཱ་ཧྲ་ས་ཁུལ་ཚོད་འཛིན་བྱེད་པའི་ཧཱ་མཱ་སི་ཡིས་ཀྱང་འཁྲུག་རྩོད་མཚམས་འཇོག་པ་འཐད་པ་ཡིན་པ་ཁྱབ་སྒྲོག་བྱས། ཧཱ་མཱ་སིའི་མགྲིན་ཚབ་པ་ཙུའུ་ཧི་ལི་ཡིས་ཧཱ་མཱ་སི་ཡིས་ཅང་མ་འགོར་བའི་སྔོན་ཨེ་ཅིབ་ཕྱོགས་ལ་དུས་ཚོད་དོན་གཉིས་རིང་འཁྲུག་རྩོད་མཚམས་འཇོག་པར་འཐད་པ་ཡིན་པའི་ཚུལ་བསྟན་ཡོད་ཟེར།

ཕཱ་ལེ་སི་ཐན་གྱི་འཐུས་ཚབ་ཚོགས་པ་མིག་སྔར་ཁེ་རོ་རུ་འབྱོར་ཡོད་པ་དང་། དབྱི་སི་རལ་གྱི་དཔོན་རིགས་ཤིག་གིས་བཤད་རྒྱུར། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གསར་བ་ལྟར་དུ། དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པ་ཁེ་རོ་རུ་སོང་ནས་གྲོས་མོལ་ལ་ཞུགས་རྒྱུ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག