མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་རལ་དུས་ཚོད་དོན་གཉིས་རིང་འཁྲུག་རྩོད་མཚམས་འཇོག་པར་འཐད་པ་བྱུང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-05 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་བདེ་འཇགས་ནེ་ཀི་ཡིས་ཚེས་བཞི་ཉིན་གྱི་དགོང་མོར་ཚེས་ལྔ་ཉིན་གྱི་དུས་ཚོད་བརྒྱད་ནས་བཟུང་དུས་ཚོད་དོན་གཉིས་རིང་འཁྲུག་རྩོད་མཚམས་འཇོག་པར་འཐད་པ་བྱུང་།

དབྱི་སི་རལ་གྱི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་བདེ་འཇགས་ནེ་ཀི་ཡིས་ཚེས་བཞི་ཉིན་གྱི་དགོང་མོར་ཨེ་ཅིབ་ཀྱིས་བཏོན་པའི་དུས་ཚོད་དོན་གཉིས་རིང་ཆ་རྐྱེན་ཅི་ཡང་མེད་པར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞིར་གྲོས་འཆམ་བྱུང་། དབྱི་སི་རལ་གྱིས་ཁེ་རོ་རུ་འཐུས་ཚབ་ཚོགས་པ་མངག་ནས། དུས་ཡུན་རིང་བོའི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པར་གྲོས་མོལ་བྱེད་རྒྱུ་རེད།

བསྒྲགས་པའི་གནས་ཚུལ་ལྟར་ན། འཁྲུག་རྩོད་མཚམས་འཇོག་པའི་སྐབས་སུ། ཅཱ་ཧྲ་ས་ཁུལ་དུ་བཀོད་སྒྲིག་བྱས་པའི་དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གི་དམག་མིས་ཅཱ་ཧྲ་ས་ཁུལ་གྱི་གསང་བའི་ས་འོག་ཕུག་ལམ་ལ་སྔར་བཞིན་ལྟ་རྟོག་ནན་མོ་བྱེད་རྒྱུ་ཡིན་ཡང་། དབྱི་སི་རལ་གྱི་དམག་དཔུང་གི་ཐན་ཁི་འཁོར་ལོ་དྲུད་པའི་རླངས་འཁོར་རེ་འགའ་ཅཱ་ཧྲ་ས་ཁུལ་ནས་ཕྱིར་དབྱི་སི་རལ་གྱི་བྱང་ཕྱོགས་ས་ཁུལ་དུ་ལོག་བཞིན་ཡོད་ཟེར།

ཉིན་དེའི་སྔ་དྲོར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་དཔོན་རིགས་ཀྱིས་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་སྔོན་ནས་གཏན་འཁེལ་བྱས་པའི་ཅཱ་ཧྲ་ས་ཁུལ་གྱི་གསང་བའི་ཕུག་ལམ་གཙང་སེལ་བྱེད་པའི་ལས་འགན་ཕལ་ཆེར་ཡོངས་འགྲུབ་བྱས་ཡོད་ཟེར།

དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་ནས་རྣོ་དབལ་སྲུང་བའི་འགུལ་སྐྱོད་སྤེལ་ཏེ་ཉིན་ཉེར་བརྒྱད་འགོར་བ་དང་། ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་སྡེ་ཁག་གིས་བཤད་རྒྱུར། འཁྲུག་རྩོད་བྱུང་བའི་ཚུན་ལ། ཕཱ་ལེ་སི་ཐན་གྱི་མི་སྟོང་གཅིག་དང་བརྒྱད་བརྒྱ་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སྟོང་དགུ་དང་སུམ་བརྒྱ་བདུན་ཅུ་ལྷག་ལ་རྨས་ཕོག ཕཱ་ལེ་སི་ཐན་གྱི་ཤི་རྨས་ཐེབས་པའི་མི་སྣའི་ཁྲོད་བརྒྱ་ཆའི་བདུན་ཅུ་ཡས་མས་ནི་མི་སེར་དཀྱུས་མ་རེད།

དམག་དོན་འཁྲུག་རྩོད་ལས་དབྱི་སི་རལ་གྱི་མི་རེ་བདུན་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་དམག་མི་རེ་བཞི་དང་། དབྱི་སི་རལ་གྱི་སྤྱི་དམངས་གཉིས། ཐེ་གོའི་ངལ་རྩོལ་པ་གཅིག་བཅས་འདུས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག