མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཐལ་སྤྱོད་རྩ་འཛུགས་ཀྱིས་ལེ་པཱ་ནུན་གྱི་དམག་དཔུང་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-05 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཞི་ཉིན་གསར་འགྱུར་ལས་རིགས་ལ་གསལ་སྒྲོག་སྤེལ་ཏེ། ཉེ་སྔོན་ཐལ་སྤྱོད་རྩ་འཛུགས་ཀྱིས་ལེ་པཱ་ནུན་གྱི་ཨ་ཨར་སཱ་ལེ་ས་ཁུལ་ནས་ལེ་པཱ་ནུན་གྱི་དམག་དཔུང་ལ་འཇབ་རྒོལ་བྱས་ཏེ་མི་སྣ་ཤི་རྨས་བཟོས་པར་རྒོལ་གཏམ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཚེས་གཉིས་ཉིན་ནས་བཟུང་མགོ་བརྩམས་པའི་འཇབ་རྒོལ་ལས་ཉུང་མཐར་ཡང་ལེ་པཱ་ནུན་དམག་དཔུང་གི་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་གྱ་དྲུག་ལ་རྨས་ཕོག མི་ཉེར་གཉིས་གར་སོང་མ་རྙེད། དེ་ལས་གཞན་མི་སེར་དཀྱུས་མར་ཤི་རྨས་བཟོས་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཤི་བོའི་ཁྱིམ་མི་དང་ལེ་པཱ་ནུན་སྲིད་གཞུང་ལ་འཚམས་འདྲི་བྱས།

ལེ་པཱ་ནུན་གྱི་དྲག་ཆས་དམག་དཔུང་དང་བདེ་འཇགས་དམག་དཔུང་གིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་འབད་བརྩོན་བྱས་པར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་མ་ཟད། ལེ་པཱ་ནུན་གྱི་དམག་དཔུང་གིས་འཇིགས་སྐུལ་ལ་ངོ་རྒོལ་དང་བདེ་འཇགས་ཀྱི་འགྲན་རྩོད་གཞན་པ་ཐག་གཅོད་བྱེད་པའི་ནུས་པར་ཤུགས་སྣོན་དགོས་པ་ནན་བཤད་བྱས།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དེང་སྐབས་ཀྱི་བར་བརྒལ་དུས་སྐབས་ནང་ལེ་པཱ་ནུན་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས་པ་དང་། ཞོར་དུ་ལེ་པཱ་ནུན་གྱི་གྲོས་ཁང་གིས་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་འགོར་འགྱངས་མི་བྱེད་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ད་རུང་ལེ་པཱ་ནུན་གྱི་ཕྱོགས་ཁག་སོ་སོས་རྒྱལ་ཁབ་ཀྱི་བརྟན་འཇགས་ལ་གཏོར་བརླག་བྱེད་པའི་གཡོ་ཇུས་ལ་ཁ་གཏད་འཇལ་བའི་ཐད་ནས་མཐུན་སྒྲིལ་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། སི་རི་ཡཱའི་ཉམས་ཉེན་ལ་མི་ཞུགས་པའི་སྲིད་ཇུས་བརྩི་སྲུང་བྱེད་དགོས་པའི་སྐུལ་མ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག