མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་སེ་པེད་ཅང་དང་ཡ་མེ་ནི་ཡཱ་ཡིས་སོ་ཆི་ནས་གྲོས་མོལ་བྱས་ཏེ་ནཱ་ཁཱའི་གནས་བབ་ལ་གྲོས་བསྡུར་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-04 10:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་སེ་པེད་ཅང་དང་ཡཱ་མེ་ནི་ཡཱའི་རྩོད་གཞིར་གྱུར་བའི་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་ནས་ཉེ་སྔོན་འཁྲུག་རྩོད་དོན་རྐྱེན་བྱུང་སྟེ། བསྡོམས་པས་ཕྱོགས་གཉིས་ཀྱི་མི་བཅུ་ཕྲག་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཕན་ཚུན་གྱིས་འཁྲུག་རྩོད་ས་ཁུལ་གྱི་གནས་བབ་སྔར་ལས་ཇེ་སྡུག་ཏུ་བཏང་བར་འགན་ཁུར་དགོས་པའི་སྐྱོན་འཛུགས་བྱས། དོན་རྐྱེན་དེར་ཨུ་རུ་སི་དང་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་སེམས་ཁུར་བྱེད་བཞིན་ཡོད། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བསྟན་དོན། དོན་རྐྱེན་དེས་རྒྱལ་ཁབ་གཉིས་ཀྱིས་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ཟེར། དེའི་ཕྱིར་ཨུ་རུ་སི་ཡིས་ཕྱོགས་སོ་སོས་རང་ཚོད་བཟུང་ཞིང་། དྲག་ཤུགས་བསྐྱུར་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་གནས་བབ་བདེ་ལ་འགོད་དགོས་པའི་འབོད་སྐུལ་བཏང་། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་ཀྱང་ཨ་སེ་པེད་ཅང་དང་ཡ་མེ་ནི་ཡཱ་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་གང་མགྱོགས་ཀྱིས་གྲོས་མོལ་བྱས་ཤིང་། བྱེད་ཐབས་ནུས་ལྡན་སྤྱད་དེ་ས་ཁུལ་དེའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པ་དང་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། ཡཱ་མེ་ནི་ཡཱའི་ཙུང་ལི་ཨ་པུའུ་ལཱ་མུས་དབྱང་གིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཟླ་འདིའི་ཚེས་བརྒྱད་དང་ཡང་ན་ཚེས་དགུ་ཉིན་ཨུ་རུ་སིའི་སོ་ཆི་ནས་གྲོས་མོལ་བྱས་ཏེ། ནཱ་ཁཱའི་གནས་བབ་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་འབྲེལ་ཡོད་གྲོས་མཐུན་འགོད་སྲིད་ཟེར།

ནཱ་ཁཱ་དེ་ཨ་སེ་པེད་ཅང་གི་མངའ་ཁོངས་སུ་ཡོད་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་སྟོང་བཞི་དང་བཞི་བརྒྱ་ཡོད། དེའི་ནང་བརྒྱ་ཆའི་བརྒྱད་ཅུའི་ཡན་ནི་ཡ་མེ་ནི་ཡཱའི་རིགས་ཀྱི་མི་ཡིན་ལ། མིག་སྔར་ཡཱ་མེ་ནི་ཡཱས་ཚོད་འཛིན་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱིས་ས་ཁུལ་དེ་འཕྲོག་རྩོད་བྱེད་པའི་ཆེད་དུ་འཐབ་འཁྲུག་ཀྱང་བྱས་མྱོང་།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག