མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལེ་པཱ་ནུན་དམག་དཔུང་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-04 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་མཐུན་སྦྱོར་པ་ཚབ་མ་མང་ཐིན་གྱིས་ཚེས་གསུམ་ཉིན་པེ་རུ་ཐིི་ནས་ལེ་པཱ་ནུན་གྱི་དམག་དཔུང་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་།

མང་ཐིན་གྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་གཉིས་ཉིན་ལེ་པཱ་ནུན་དང་སི་རི་ཡཱའི་འབྲེལ་མཚམས་ས་ཁུལ་གྱི་ཨ་ཨར་སཱ་ལེ་ས་ཁུལ་དུ་ཡོད་པའི་ལེ་པཱ་ནུན་གྱི་དམག་དཔུང་སྒྲིག་ཆས་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་དང་། འཇབ་རྒོལ་དོན་རྐྱེན་དེ་ལས་དམག་མི་དང་མི་སེར་དཀྱུས་མ་མང་བོར་ཤི་རྨས་ཐེབས་ཡོད་ཟེར།

མང་ཐིན་གྱིས་ནན་གྱིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྔར་བཞིན་ལེ་པཱ་ནུན་གྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱས་ཏེ། མུ་མཐུད་དུ་ལེ་པཱ་ནུན་གྱི་དམག་དཔུང་དང་བདེ་འཇགས་དམག་དཔུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་བྱེད་པའི་ཐད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་ཚེས་གཉིས་ཉིན་ལེ་པཱ་ནུན་གྱི་དམག་དཔུང་དང་བདེ་འཇགས་དམག་དཔུང་གི་ཨ་ཨར་སཱ་ལེ་ས་ཁུལ་གྱི་ཞིབ་བཤེར་ས་ཚིགས་སོགས་དམག་དོན་སྒྲིག་ཆས་ལ་འཇབ་རྒོལ་བྱས་པ་དང་། ཞིབ་བཤེར་ས་ཚིགས་སུ་ཡོང་ནས་དམག་སྒར་བཙན་བཟུང་བྱས། འཇབ་རྒོལ་དོན་རྐྱེན་བྱུང་རྗེས། ལེ་པཱ་ནུན་དམག་ཕྱོགས་ཀྱིས་མྱུར་དུ་ཨ་ཨར་སཱ་ལེ་ས་ཁུལ་དུ་དམག་མི་མངག་གཏོང་བྱས་ཏེ། ས་ཁུལ་དེར་སྦས་སྐོང་བྱེད་པའི་དྲག་ཆས་ཉེས་ཅན་ལ་གཙང་བཤེར་བྱས། ཚེས་གསུམ་ཉིན་གྱི་ཕྱི་དྲོའི་བར། འཁྲུག་རྩོད་དེ་ལས་དམག་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་ལྔ་ལ་རྨས་ཕོག གཞན་ཡང་མི་བཅུ་གསུམ་གར་སོང་རྙེད་མེད། དྲག་ཆས་ཉེས་ཅན་གྱི་མི་བཅུ་ཕྲག་འགའ་ལའང་ཤི་རྨས་ཐེབས་ཡོད།

ལེ་པཱ་ནུན་གྱི་དམག་དཔུང་གི་དམག་སྤྱི་ཁཱ་ཝ་ཅི་ཡིས་ཚེས་གསུམ་ཉིན་པེ་རུ་ཐི་ནས་ནན་གྱིས་བསྟན་དོན། ལེ་པཱ་ནུན་དམག་དཔུང་གིས་ཐལ་སྤྱོད་རྩ་འཛུགས་ཀྱིས་ཨ་ཨར་སཱ་ལེ་དང་ས་ཁུལ་གཞན་པ་ནས་འཇབ་རྒོལ་སྤེལ་བར་ཁ་གཏད་འཇལ་བའི་གྲ་སྒྲིག་བྱས་ཡོད་པ་དང་། ནུས་ཤུགས་ཡོད་དགུས་རྒྱལ་ཁབ་ཀྱི་བདག་དབང་དང་རྒྱལ་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཏེ། མི་གང་རུང་གིས་ལེ་པཱ་ནུན་དུ་སི་རི་ཡཱའི་འཐབ་འཁྲུག་གི་ཤུགས་རྐྱེན་ཐེབས་སུ་འཇུག་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ངེས་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག