མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་དབྱི་རག་གི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་བྱང་ཕྱོགས་ཀྱི་མཁར་གྲོང་གཙོ་བོ་བཙན་བཟུང་བྱས་པར་ཧ་ལས་པའི་ཚུལ་བསྟན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-04 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་གསུམ་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་དབྱི་རག་བྱང་ཕྱོགས་ཀྱི་ནེ་ནེ་ཝེ་ཞིང་ཆེན་གྱི་མཁར་གྲོང་གཙོ་བོ་གཉིས་བཙན་བཟུང་བྱས་ཏེ། མི་འབུམ་གཉིས་ཙམ་ལ་འགྲོ་སའི་ཁྱིམ་མེད་པར་གྱུར་བར་ཧ་ལས་པའི་ཚུལ་བསྟན།

གསལ་སྒྲོག་ལས་བཤད་རྒྱུར། ཁྱིམ་གཞིས་དང་བྲལ་བའི་མི་སེར་དཀྱུས་མ་མང་ཤོས་ཡཱ་ཚི་ཏིས་ཆོས་ལུགས་ཕྱོགས་ཁག་ཏུ་གཏོགས་པ་དང་། ཕན་ཅི་ཝུན་གྱིས་མི་སེར་དཀྱུས་མ་དེ་དག་གི་བདེ་འཇགས་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། ཁོས་འཆར་གཞི་ཡོད་པའི་སྒོ་ནས་མི་སེར་དཀྱུས་མར་དམིགས་པའི་འཇབ་རྒོལ་གང་རུང་དང་། རིགས་རྒྱུད་དང་ཆོས་ལུགས་དད་མོས་ཀྱི་དབང་གིས་མི་སེར་དཀྱུས་མར་དམིགས་པའི་འཇབ་རྒོལ་སོགས་གང་ཡིན་ཡང་མིའི་རིགས་ལ་རྒོལ་བའི་ནག་ཉེས་གྲུབ་ཡོད་པས། ངེས་པར་དུ་འགན་འཁྲི་རྩད་ཞིབ་བྱེད་དགོས་པ་བསྐྱར་སྒྲོག་བྱས།

དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པ་སོགས་ཀྱི་དཔུང་འཇུག་ལས་དབྱི་རག་ནས་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་བྱུང་བར་དམིགས་ཏེ། ཕན་ཅི་ཝུན་གྱིས་དབྱི་རག་སྲིད་གཞུང་དང་ཁུའུ་ཨར་ཏི་ས་གནས་སྲིད་གཞུང་གིས་འགལ་བ་བསྐྱུར་ནས། མཉམ་ལས་དམ་པོ་བྱས་ཏེ་རྒྱལ་ཁབ་ཀྱི་བྲེལ་མྱུར་བདེ་འཇགས་དགོས་མཁོ་ཐག་གཅོད་བྱས་ནས། དབྱི་རག་མི་དམངས་ཀྱི་བདེ་འཇགས་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་དབྱི་རག་གི་མི་ཚང་མས་ཁྱིམ་གཞིས་དང་བྲལ་བའི་མི་ལ་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་ཝུན་གྱིས་ནན་གྱིས་བསྟན་དོན། ཕྱོགས་སོ་སོས་ངེས་པར་དུ་རྒྱལ་སྤྱིའི་བཅའ་ཁྲིམས་བརྩི་སྲུང་བྱས་ཏེ། འཐབ་འཁྲུག་གི་ཤུགས་རྐྱེན་ཐེབས་པའི་ས་ཁུལ་དུ་འཚོ་སྡོད་བྱེད་པའི་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་དགོས་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་རག་སྲིད་གཞུང་དང་ཁུའུ་ཨར་ཏི་ས་གནས་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་ཏེ། མིག་སྔའི་འཁྲུག་རྩོད་ཁྲོད་ཁྱིམ་གཞིས་ཤོར་བའི་མི་རྣམས་ཀྱི་མི་ཆོས་རིང་ལུགས་ཀྱི་དགོས་མཁོ་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་འདོད་ཡོད་ཟེར།

དབྱི་རག་སྲིད་གཞུང་དང་དམག་ཕྱོགས་ཀྱིས་ཚེས་གསུམ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཁུའུ་ཨར་ཏི་དྲག་ཆས་པའི་ལག་ནས་ཝེ་ཝེ་ནེ་ཞིང་ཆེན་གྱི་ཞིན་ཅཱ་ཨར་གྲོང་རྡལ་དང་ཀྲ་མཱ་ཨར་གྲོང་རྡལ་འཕྲོག་ལེན་བྱས་པར་མ་ཟད། ཚེས་གསུམ་ཉིན་དབྱི་རག་གི་ཆེས་ཆེ་བའི་མའོ་སུའུ་ཨར་ཆུ་རགས་ཆེན་པོ་བདག་ཏུ་བཟུང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག