མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་དུ་མཚོན་ཆ་ཕྱིར་གཏོང་བྱེད་པར་ཆོག་མཆན་བཀོད་པར་སྐྱོན་འཛུགས་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-03 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་ཚད་གཞི་གཉིས་ལྡན་ལག་བསྟར་བྱས་པ་དང་། ཝུའུ་ཁི་ལན་དུ་དམག་དོན་ལག་རྩལ་དང་སྒྲིག་ཆས་ཕྱིར་གཏོང་བྱེད་པའི་བཀག་རྒྱ་ལྐོག་ནས་མེད་པར་བཟོས་པར་སྐྱོན་འཛུགས་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་ལོའི་ཟླ་གཉིས་པར་ཝུའུ་ཁི་ལན་གྱི་དམག་དོན་ལག་རྩལ་དང་སྒྲིག་ཆས་ཕྱིར་གཏོང་ཐད་ཀྱི་བཀག་རྒྱ་ལག་བསྟར་བྱས་པ་དང་། ཟླ་དེའི་ནང་ཝུའུ་ཁི་ལན་གྲོས་ཁང་གིས་ཡཱ་ནོའུ་ཁི་ཝེ་ཆི་ཡི་ཙུང་ཐུང་ལས་འགན་མེད་པར་བཟོས་ཏེ་ཨུ་རུ་སི་རུ་སོང་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་ཁྲིད་པས་ཉེ་སྔོན་པུའུ་ལུའུ་སེར་ནས་བསྡུས་པའི་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་། ཝུའུ་ཁི་ལན་གྱི་དམག་དོན་ལག་རྩལ་དང་སྒྲིག་ཆས་ཕྱིར་གཏོང་ཐད་ཀྱི་ཚད་བཀག་མེད་པར་གཏོང་རྒྱུར་ལྐོག་ནས་འཐད་པ་བྱུང་བ་དང་། དམག་དོན་ལག་རྩལ་དང་སྒྲིག་ཆས་དེ་དག་ཝུའུ་ཁི་ལན་གྱི་ད་ལྟའི་སྲིད་གཞུང་གིས་རྒྱལ་ནང་གི་འཁྲུག་རྩོད་ཐད་བཀོལ་ངེས་རེད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཡོ་རོབ་གླིང་གིས་དམག་དོན་སྒྲིག་ཆས་ཀྱི་ཕྱིར་གཏོང་ཚད་བཀག་དུས་ནམ་ཞིག་ལ་མེད་པར་བཟོས་པ་གསལ་བོར་བཤད་མེད། ཨུ་རུ་སིའི་ཕྱོགས་ཀྱིས་ནན་གྱིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་བྱེད་ཐབས་དེ་ནི་ཚད་གཞི་གཉིས་ལྡན་ཡིན་པ་མངོན་གསལ་རེད་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པར་ཝུའུ་ཁི་ལན་གནད་དོན་ཐད་ནས་ཨ་མེ་རི་ཁས་གཡོ་འགུལ་ཐེབས་སུ་འཇུག་མི་རུང་བའི་འབོད་སྐུལ་བཏང་།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་བཤད་ཚུལ་དེར་ཡོ་རོབ་གླིང་མནའ་འབྲེལ་གྱིས་དངོས་སུ་རྣམ་འགྱུར་ཅི་ཡང་བསྟན་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག