མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ལེ་སི་ཐན་གྱི་འཐུས་ཚབ་ཚོགས་པ་ཨེ་ཅིབ་ཏུ་སོང་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་ཞུགས་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-03 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་འཐུས་ཚབ་ཚོགས་པ་ཚེས་གཉིས་ཉིན་གྱི་ཕྱི་དྲོར་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་རུ་སོང་བ་དང་། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་ཐད་ཀྱི་གྲོས་མོལ་ལ་ཞུགས་རྒྱུ་རེད།

ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་གཙོ་བོ་མི་རིགས་བཅིངས་འགྲོལ་རྩ་འཛུགས་ཧྥ་ཐཱ་ཧི་ཡི་མཐོ་རིམ་དཔོན་པོ་ཨ་ཀྲ་མུའུ་ཨེ་ཧཱ་མེད་ཏི་ཡིས་གསར་འགོད་པར་བདེན་དཔང་བྱས་དོན། ཕྱོགས་ཁག་མང་བོའི་ཁོངས་མི་འདུས་པའི་ཕཱ་ལེ་སི་ཐན་གྱི་འཐུས་ཚབ་ཚོགས་པ་ཁེ་རོ་རུ་སོང་བ་དང་། ཐེངས་འདིའི་གྲོས་མོལ་གྱི་གཙོ་གནད་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་དུས་ཚོད་དོན་གཉིས་རིང་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་སླར་གསོ་བྱེད་རྒྱུ་དེ་ཡིན་ཟེར།

ཨ་ཀྲ་མུའུ་ཨེ་ཧཱ་མེད་ཏི་ཡིས་བཤད་རྒྱུར། འཐུས་ཚབ་ཚོགས་པའི་ཁོངས་མི་གཙོ་བོ་དག་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ནས་ལམ་དུ་ཆས་པ་དང་། དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་དང་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏིའི་ཁོངས་མི་ཁག་ཅིག་ལེ་པཱ་ནུན་ནས་ལམ་དུ་ཆས་པ་ཡིན་ལ། ཁོ་ཚོ་ཁེ་རོ་ནས་ལྷན་འཛོམས་བྱེད་རྒྱུ་རེད། དབྱི་སི་རལ་གྱི་ས་ངོས་དམག་དཔུང་གིས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བཞིན་ཡོད་སྟབས། ཧཱ་མཱ་སི་དང་ཅེ་ཧཱ་ཏིའི་ཅཱ་ཧྲ་ས་ཁུལ་གྱི་ཁོངས་མི་ལཱ་ཧྥ་གྲུ་ཁ་བརྒྱུད་དེ་ཨེ་ཅིབ་ཏུ་འགྲོ་ཐབས་མེད་པས། ཐེངས་འདིའི་གྲོས་མོལ་ལ་ཞུགས་ཐུབ་རྒྱུ་མ་རེད་ཟེར།

དབྱི་སི་རལ་གྱི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པས་ཚེས་གཉིས་ཉིན་གྱི་ཕྱི་དྲོར་ཁེ་རོ་རུ་སོང་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་ཞུགས་པའི་འཆར་གཞི་མེད་པར་བཏང་བ་དང་། རྒྱུ་མཚན་ནི་འཁྲུག་རྩོད་མཚམས་འཇོག་པ་དེ་ཧཱ་མཱ་སིའི་རེ་འདུན་ངོ་མ་མིན་པས་ཡིན་ཟེར།

ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་སོ་སོ་དང་དབྱི་སི་རལ་གྱིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་གྱི་ནམ་གུང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་དུས་ཚོད་དོན་གཉིས་རིང་གི་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱས་པར་མ་ཟད། ཁེ་རོ་རུ་སོང་ནས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པར་གྲོས་མོལ་བྱེད་རྒྱུ་འཐད་པ་བྱུང་། འཁྲུག་རྩོད་མཚམས་བཞག་རྗེས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཚེས་གཅིག་ཉིན་ཡང་བསྐྱར་ཅཱ་ཧྲ་ས་ཁུལ་ནས་འཁྲུག་རྩོད་བྱས། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱིས་འཁྲུག་རྩོད་མཚམས་འཇོག་པར་སྔོན་ལ་གཏོར་བརླག་བྱས་པར་སྐྱོན་འཛུགས་བྱས་པར་མ་ཟད་རང་རང་ས་ནས་འཁྲུག་རྩོད་མཚམས་འཇོག་པ་མཇུག་སྒྲིལ་བ་ཁྱབ་སྒྲོག་བྱས།

ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་སྡེ་ཁག་གིས་མཚམས་སྦྱོར་བྱས་པ་ལྟར་ན། ཉིན་ཉེར་དྲུག་འགོར་བའི་རྣོ་དབལ་སྲུང་བའི་འགུལ་སྐྱོད་དེ་ལས་མི་སྟོང་གཅིག་དང་དྲུག་བརྒྱ་དོན་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་དགུ་ལྷག་ལ་རྨས་ཕོག ཤི་རྨས་ཐེབས་པའི་མིའི་ཁྲོད་སུམ་ཆའི་གཉིས་མི་སེར་དཀྱུས་མ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག