མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་དུས་ཚོད་དོན་གཉིས་རིང་ཆ་རྐྱེན་ཅི་ཡང་མེད་པར་འཁྲུག་རྩོད་མཚམས་འཇོག་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-01 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་ནས་བཟུང་དུས་ཚོད་དོན་གཉིས་རིང་ཆ་རྐྱེན་ཅི་ཡང་མེད་པར་འཁྲུག་རྩོད་མཚམས་འཇོག་རྒྱུ་རེད་ཟེར། གསལ་སྒྲོག་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་གཉིས་ཀྱི་མིང་ཐོག་ནས་སྤེལ་བ་རེད།

གསལ་སྒྲོག་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཞི་བདེའི་འཕེལ་རིམ་གྱི་དམིགས་བསལ་མཐུན་སྦྱོར་པ་སེ་ལི་ལ་ཉིན་དེར་འབྲེལ་ཡོད་ཕྱོགས་སོ་སོའི་ཅཱ་ཧྲ་ས་ཁུལ་ནས་ཆ་རྐྱེན་ཅི་ཡང་མེད་པར་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་ཁག་ཐེག་ཡི་གེ་འབྱོར་བ་དང་། མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་བྱ་བ་དེ་ཟླ་བརྒྱད་པའི་ཚེས་གཅིག་ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་ནས་བཟུང་མགོ་རྩོམ་རྒྱུ་ཡིན་པ་དང་། དུས་ཚོད་དོན་གཉིས་འགོར་རྒྱུ་རེད། འཁྲུག་རྩོད་མཚམས་བཞག་པའི་སྐབས་སུ་ས་ངོས་དམག་དཔུང་ཕྱིར་འཐེན་བྱེད་མི་སྲིད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐེངས་འདིའི་འཁྲུག་རྩོད་མཚམས་འཇོག་པའི་བྱ་བ་མགོ་བརྩམས་རྗེས། ཕྱོགས་སོ་སོས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་ནན་མོ་བྱེད་པའི་ཞོར་དུ་རང་ཚོད་འཛིན་དགོས་ཟེར། གསལ་སྒྲོག་ལས་བལྟས་ན། དུས་ཚོད་དོན་གཉིས་རིང་འཁྲུག་རྩོད་མཚམས་བཞག་ན་ཅཱ་ཧྲ་ས་ཁུལ་གྱི་ཉེས་མེད་མང་ཚོགས་ལ་དྲག་ཤུགས་ཀྱི་བར་གསེང་ནས་བློ་བདེ་མོས་ངལ་གསོ་བའི་གོ་སྐབས་ཤིག་སྦྱིན་ཐུབ་ངེས་རེད། འཁྲུག་རྩོད་མཚམས་བཞག་པའི་སྐབས་སུ་ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་དག་གིས་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་སྟེར་བ་དང་། ཤི་བོའི་བེམ་པོ་དུར་འཇུག་བྱེད་པ། རྨས་མར་སྨན་བཅོས་བྱེད་པ་སོགས་ལ་རེ་བ་ཆེན་པོ་བཅངས་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསལ་སྒྲོག་ལས་ད་རུང་བསྟན་དོན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་ཁག་གཉིས་ཀྱི་འཐུས་མི་ཨེ་ཅིབ་སྲིད་གཞུང་གིས་གདན་དྲངས་པ་ལྟར། མྱུར་མོར་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་ལོ་རུ་སོང་ནས་གྲོལ་མོལ་བྱས་ཏེ། ཡུན་རིང་རང་བཞིན་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཞིག་འགོད་དགོས་པ་དང་། གྲོས་མོལ་སྐབས་སུ་ཕྱོགས་གཉིས་ཀྱི་འཐུས་མིས་འབྲེལ་ཡོད་ཀྱི་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱེད་པའི་གོ་སྐབས་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསལ་སྒྲོག་ལས་འབྲེལ་ཡོད་ཕྱོགས་སོ་སོས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པར་ཡར་སྐུལ་གཏོང་བའི་ཐད་འབད་བརྩོན་བྱས་པར་བཀའ་དྲིན་ཞུས་པ་དང་། ཞོར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་ཤུགས་ཆེན་པོས་ཨེ་ཅིབ་སྲིད་གཞུང་གི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་ཡུན་རིང་གི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཞིག་འགོད་པའི་བྱ་བར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག