ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། མཱ་ལེ་ཞི་ཡཱའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་སའི་རྟོག་ཞིབ་མི་སྣས་ས་དེའི་འཁྲུག་རྩོད་ཛ་དྲག་ཡིན་པའི་དབང་གིས་མུ་མཐུད་དུ་རྟོག་ཞིབ་བྱེད་ཐབས་མེད་པར་སེམས་ཁུར་བྱེད་བཞིན་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། གནམ་གྲུ་སར་ལྷུང་སའི་ཡུལ་དངོས་སུ་འཁྲུག་རྩོད་ཛ་དྲག་ཆེ་བའི་དབང་གིས་མིག་སྔར་ཏོན་ནེ་ཚི་ཁིའི་བཅའ་ཁྲིམས་སྨན་བཅོས་རྟོག་ཞིབ་ཚན་ཆུང་དང་རྒྱལ་སྤྱིའི་རྟོག་ཞིབ་མི་སྣས་གནམ་གྲུ་སར་ལྷུང་སའི་ཡུལ་དངོས་ནས་བྱ་བ་སྤེལ་ཐབས་མེད་པའི་གནས་ཚུལ་གོ་རྗེས་ཕན་ཅི་ཝུན་གྱིས་དོན་དེར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད།
ཕན་ཅི་ཝུན་གྱིས་ནན་གྱིས་བསྟན་དོན། ད་ལྟ་ཡུལ་དངོས་ནས་མུ་མཐུད་དུ་ཤི་བོའི་བེམ་པོ་དང་རྒྱུ་ཆ་གཙོ་བོར་འཚོལ་ཞིབ་བྱེད་དགོས་པ་དང་། རྒྱལ་སྤྱིའི་རྟོག་ཞིབ་རུ་ཁག་གིས་བྱ་བ་སྤེལ་བར་ངེས་པར་དུ་ཆོག་མཆན་ཐོབ་དགོས། ཕན་ཅི་ཝུན་གྱིས་ད་རུང་ཕྱོགས་སོ་སོས་མྱུར་དུ་གནམ་གྲུ་སར་ལྷུང་སའི་ཡུལ་དངོས་ཉེ་འདབས་ཀྱི་འཁྲུག་རྩོད་བྱ་སྤྱོད་མཚམས་བཞག་སྟེ། རྒྱལ་སྤྱིའི་རྟོག་ཞིབ་རུ་ཁག་གིས་ཡུལ་དངོས་ནས་བྱ་བ་སྤེལ་བར་བཀག་རྒྱ་བཟོ་མི་རུང་བའི་འབོད་སྐུལ་བཏང་།
བསྒྲགས་པའི་གནས་ཚུལ་ལྟར་ན། གནམ་གྲུ་སར་ལྷུང་སའི་ཡུལ་དངོས་ཉེ་འདབས་སུ། ཝུའུ་ཁི་ལན་གྱི་སྲིད་གཞུང་དམག་དཔུང་དང་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱི་འཁྲུག་རྩོད་སྔར་བཞིན་སྤེལ་གྱིན་ཡོད་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་ད་རུང་དམངས་ཁྲོད་དྲག་ཆས་པས་གནམ་གྲུ་སར་ལྷུང་སའི་ཡུལ་དངོས་ཉེ་འདབས་སུ་ས་འོག་འགད་རྫས་སྦས་ཏེ་རྟོག་ཞིབ་ལ་བཀག་རྒྱ་བཟོས་པར་སྐྱོན་འཛུགས་བྱས། །