ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྤྱི་ཚེས་25ཉིན་གསར་འགྱུར་ལས་རིགས་ལ་གསལ་བསྒྲགས་སྤེལ་ནས། སུའུ་ཏན་ལྷོ་མའི་ངོ་རྒོལ་ཤོག་དང་སྲིད་གཞུང་དམག་གིས་དེའི་གོང་གི་དམག་མཚམས་འཇོག་པའི་ཁས་ལེན་ལ་མི་འཛེམས་པར། སླར་ཡང་གདོང་ཐུག་ཐོན་པར་ཁ་རྡུང་དྲག་པོ་བཏང་ཡོད་པ་མ་ཟད། ཕྱོགས་གཉིས་པོས་འཕྲལ་དུ་དམག་མཚམས་འཇོག་དགོས་པའི་རེ་འབོད་གནང་ཡོད་པ་རེད།
བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས། འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལས་འགལ་བའི་བྱ་སྤྱོད་ཚང་མ་ངེས་པར་དུ་རྩད་གཅོད་བྱེད་དགོས་པ་དང་། དེ་དང་དུས་མཚུངས་ཨ་ཧྥེ་རི་ཁ་གླིང་ཤར་མའི་སྲིད་གཞུང་བར་གྱི་གོང་འཕེལ་སྒྲིག་འཛུགས་དབྱི་ཅ་ཐེས་སུའུ་ཏན་ལྷོ་མའི་གདོང་ཐུག་ཕྱོགས་གཉིས་པོས་སྤྱི་ཟླ་༧པའི་ཚེས་༣༠ཉིན་ཞི་བའི་གྲོས་མོལ་སླར་གསོ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པར་དགའ་བསུ་ཞུ་བའི་རྣམ་པ་བསྟན་ཡོད་པ་རེད།
བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེ་གར་ད་དུང་གསར་འགྱུར་ལས་རིགས་ལ་གསལ་བསྒྲགས་གཞན་ཞིག་སྤེལ་ནས། སུའུ་ཏན་ལྷོ་མའི་གནོད་འཚེའི་རང་བཞིན་གྱི་བཟའ་རིགས་མི་འདང་བའི་གནད་དོན་ཐད་སེམས་ཁྲལ་ཆེན་པོ་བྱེད་པའི་རྣམ་པ་བསྟན་ཡོད་པ་དང་། སུའུ་ཏན་ལྷོ་མར་བཀྲེས་ལྟོགས་ཀྱི་གནད་དོན་ཐོན་གྲབས་ཡོད་པའི་ངོས་འཛིན་གནང་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྤྱི་ཟླ་༥པར་ནོ་ཝེར་སྐོང་འཚོགས་བྱས་པའི་ཞལ་འདེབས་རྒྱག་རྒྱུའི་ཁས་ལེན་བྱེད་པའི་ཚོགས་འདུའི་ཐོག་སུའུ་ཏན་ལྷོ་མར་མི་ཆོས་རིང་ལུགས་ཀྱི་ཞལ་འདེབས་རྒྱག་རྒྱུའི་ཁས་ལེན་བྱེད་མཁན་ཕྱོགས་ཁག་ནས་གང་མགྱོགས་ཁས་ལེན་ལག་བསྟར་བྱེད་པ་མ་ཟད་ཞལ་འདེབས་རྒྱག་ཚད་མང་དུ་གཏོང་དགོས་པའི་རེ་འབོད་གནང་ཡོད་པ་རེད། །