མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧཱ་མཱ་སི་ཡིས་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་དུས་ཚོད་ཉེར་བཞིས་ཇེ་རིང་དུ་གཏོང་བར་འཐད་པ་བྱུང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-28 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅཱ་ཧྲ་ས་ཁུལ་ཚོད་འཛིན་བྱེད་པའི་ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས་ཉེར་བདུན་ཉིན་ཁྱབ་སྒྲོག་བྱས་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་དུས་ཚོད་ཉེར་བཞིས་ཇེ་རིང་དུ་གཏོང་བའི་གྲོས་གཞི་དང་ལེན་བྱས་པ་ཡིན་ཟེར།

ཧཱ་མཱ་སིའི་མགྲིན་ཚབ་པ་ཙུའུ་ཧི་ལི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཅཱ་ཧྲ་ས་ཁུལ་གྱི་སྤྱིར་བཏང་གི་མང་ཚོགས་ཀྱི་གནས་བབ་སྡུག་པོར་བསམ་བློ་བཏང་སྟེ། ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དེའི་སྔོན་བཏོན་པའི་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ཇེ་རིང་དུ་གཏོང་བའི་གྲོས་གཞི་དང་ལེན་བྱས་ནས། ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་ནས་བཟུང་དུས་ཚོད་ཉེར་བཞིའི་རིང་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་རྒྱུ་ཐག་བཅད་པ་ཡིན་ཟེར།

ཧཱ་མཱ་སི་དང་དབྱི་སི་རལ་གགྱིས་དེའི་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་དུས་ཚོད་བཅུ་གཉིས་རིང་གི་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་ལེན་བྱས་ཏེ་ཚེས་ཉེར་དྲུག་ཉིན་གྱི་དུས་ཚོད་བརྒྱད་ནས་དགོང་མོའི་དུས་ཚོད་བརྒྱད་པར་འཁྲུག་རྩོད་མཚམས་བཞག་པ་རེད། ས་དེའི་ཚེས་ཉེར་དྲུག་ཉིན་གྱི་ནམ་གུང་། དབྱི་སི་རལ་གྱི་བདེ་འཇགས་ནེ་ཀི་ཡིས་གྲོས་ཆོད་བཀོད་དེ། མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་དེ་ཚེས་ཉེར་བདུན་ཉིན་གྱི་ནམ་གུང་བར་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད།

མིག་སྔའི་བར་དབྱི་སི་རལ་ཕྱོགས་ཀྱིས་ད་རུང་ཧཱ་མཱ་སི་ལ་རྣམ་འགྱུར་ཅི་ཡང་བསྟན་མེད། དབྱི་སི་རལ་གྱི་ནོར་སྲིད་བློན་ཆེན་ལཱ་ཕིས་ཏི་ཡིས་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་སྐབས་སུ་དབྱི་སི་རལ་གྱི་དམག་དཔུང་གིས་ས་ངོས་ཀྱི་དམག་དོན་འགུལ་སྐྱོད་མཚམས་འཇོག་མི་སྲིད་པ་དང་། མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་འཐེན་པའི་གསང་བའི་རྒྱུ་ལམ་སྔོག་བཤེར་བྱེད་རྒྱུ་ཡིན། མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་དམིགས་ཡུལ་ནི་སྨན་བཅོས་མི་སྣ་དག་གིས་བེམ་པོ་དག་གནས་གཞན་དུ་སྐྱེལ་བ་དང་ཅཱ་ཧྲ་ས་ཁུལ་གྱི་སྡོད་དམངས་ལ་ཟས་རིགས་གསོག་འཇོག་བྱེད་པ་ཁོ་ནའི་ཆེད་དུ་ཡིན་ཟེར།

ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་སྡེ་ཁག་གིས་བསྡོམས་རྩིས་བྱས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཟླ་འདིའི་ཚེས་བརྒྱད་ཉིན་སྤེལ་བའི་རྣོ་དབལ་སྲུང་བའི་འགུལ་སྐྱོད་ལས་ཕཱ་ལེ་སི་ཐན་གྱི་མི་སྟོང་གཅིག་དང་ང་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་དྲུག་ལྷག་ལ་རྨས་ཕོག་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུ་ཆ་ལྟར་ན། ཤི་བོའི་ཁྲོད་བརྒྱ་ཆའི་བརྒྱད་ཅུ་མི་སེར་དཀྱུས་མ་ཡིན་པ་དང་། དེའི་ནང་ཕཱ་ལེ་སི་ཐན་གྱི་བྱིས་པ་བརྒྱ་དང་གོ་གཉིས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག