མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལང་གི་དཔོན་རིགས་ཀྱིས་ཕ་ལེ་སི་ཐན་གྱིས་བཙན་འཛུལ་ལ་འགོག་རྒོལ་བྱེད་པར་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་རྒྱུ་ཞེས་ནན་གྱིས་བཤད།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-27 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པ་ནུན་ལ་འཚམས་འདྲི་བྱེད་བཞིན་པའི་དབྱི་ལང་གི་ཨ་རབ་དང་ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱི་ལས་དོན་གྱི་འགན་འཁུར་བའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ཨ་པུའུ་ཏུའུ་ལཱ་ཞི་ཡཱང་གིས་ཚེས་ཉེར་དྲུག་ཉིན་པེ་རུ་ཐི་ནས་ནན་གྱིས་བཤད་རྒྱུར། དབྱི་ལང་གིས་ཕ་ལེ་སི་ཐན་གྱིས་དབྱི་སི་རལ་གྱི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ལ་བློ་བརྟན་འགྱུར་མེད་དང་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ལེ་པ་ནུན་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་པུའུ་ཏུའུ་ལཱ་ཞི་ཡཱང་གིས་ཉིན་དེར་ལེ་པ་ནུན་གྱི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་པེ་ལེ་དང་། ཙུང་ལི་སཱ་ལཱ་མུའུ། ཕྱི་འབྲེལ་པུའུ་ཀྲང་པ་ཞི་ལེ་སོགས་མགོ་ཁྲིད་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཅ་ཧྲ་ས་ཁུལ་གྱི་གནས་བབ་དང་དབྱི་རག་གི་གནས་བབ། ཕྱོགས་གཉིས་ཀྱི་འབྲེལ་བ་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱས་ཟེར།

ཨ་པུའུ་ཏུའུ་ལཱ་ཞི་ཡཱང་གིས་ཐུག་འཕྲད་ཀྱི་རྗེས་སུ་གསར་འགྱུར་ལས་ཁུངས་ལ་གཏམ་བཤད་སྤེལ་ནས། དབྱི་སི་རལ་གྱིས་རྒྱུན་ཆད་མེད་པར་ཕ་ལེ་སི་ཐན་པ་དམར་གསོད་བཏང་བ་དེ་སྙིང་རྗེ་ཅན་གྱི་མི་སུ་ཡིས་ཀྱང་བཟོད་སྒོམ་དང་དང་ལེན་བྱེད་ཐབས་མེད་ཅེས་བཤད།

ཨ་པུའུ་ཏུའུ་ལཱ་ཞི་ཡཱང་གིས་ནན་གྱིས་བཤད་རྒྱུར། དབྱི་ལང་གིས་ཕ་ལེ་སི་ཐན་དང་ས་ཁུལ་དེའི་འགོག་རྒོལ་ལས་འགུལ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། དབྱི་སི་རལ་གྱིས་མུ་མཐུད་ཅ་ཧྲ་ས་ཁུལ་ལ་བཙན་འཛུལ་བྱེད་པར་བཟོད་སྒོམ་གཏན་ནས་མི་བྱེད་པར་མ་ཟད། དབྱི་སི་རལ་གྱིས་ཕ་ལེ་སི་ཐན་པ་དམར་གསོད་གཏོང་བར་རང་ནུས་ཅི་ལྕོགས་ཀྱིས་བཀག་འགོག་བྱེད་རྒྱུ་ཡིན་ཟེར། 

 ཉིན་དེར་ཨ་པུའུ་ཏུའུ་ལཱ་ཞི་ཡཱང་གིས་ད་དུང་ལེ་པ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ནཱ་སི་ལུའུ་ལཱ་ལ་ཐུག་འཕྲད་བྱས།

ཕ་ལེ་སི་ཐན་གྱི་འཕྲོད་བསྟེན་སྡེ་ཁག་གི་དཔོན་རིགས་ཀྱིས་ཚེས་ཉེར་དྲུག་ཉིན་བདེན་དཔང་བྱས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་ཉི་ཤུ་ཙམ་ལ་སྤེལ་བའི་རལ་གྲིའི་འགུལ་སྐྱོད་ཅེས་པའི་ཁྲོད་དུ་ཕ་ལེ་སི་ཐན་པ་སྟོང་གཅིག་དང་སུམ་ཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་དྲུག་ལྷག་ལ་རྨས་ཕོག་ཅིང་། འདས་པོ་དང་རྨས་མ་མང་ཆེ་ཤོས་ནི་མི་སེར་རེད་ཟེར། དབྱི་སི་རལ་ཕྱོགས་ཀྱིས་བདེན་དཔང་བྱས་པ་ལྟར་ན། དབྱི་སི་རལ་ཕྱོགས་ནས་ཀྱང་དམག་མི་སོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ལྷག་ལ་རྨས་ཕོག་ཟེར།

ཨ་པུའུ་ཏུའུ་ལཱ་ཞི་ཡཱང་ནི་ཉིན་དེའི་ཞོགས་པར་པེ་རུ་ཐི་ལ་ཐོན་ནས་ལེ་པ་ནུན་ལ་ཉིན་གཉིས་རིང་གི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག