ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ། སྤྱི་ཚེས་23ཉིན། མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་སིའི་གནམ་གྲུ་ MH17ལྷུངས་པའི་དོན་རྐྱེན་ཐོན་ས་ནས་བར་ཐག་སྤྱི་ལེ་20མ་ཟིན་ཙམ་གྱི་སར་ཨུ་ཁེ་ལན་དབང་འཛིན་ལས་ཁུངས་ཀྱི་དམག་འཐབ་གནམ་གྲུ་གཉིས་གཏོར་ལྷུངས་བཏང་ཡོད། ཨུ་ཁེ་ལན་ཕྱོགས་ནས་ཨུ་ཁེ་ལན་གྱི་དམག་འཐབ་གནམ་གྲུ་དེ་གཉིས་གཏོར་ལྷུངས་གཏོང་མཁན་གྱི་མེ་ཤུགས་འཕུར་མདེལ་དེ་ཨུ་རུ་སུའི་མངའ་ཁོངས་ནས་འཕེན་གཏོང་བྱས་པ་ཞིག་ཡིན་ཞེས་བཤད་ཡོད། ཨུ་ཁེ་ལན་གྱི་སྐྱོན་འཛུགས་ཐད་ཨུ་རུ་སུས་མིག་སྔར་ལན་ཆ་གང་ཡང་བྱས་མེད་པ་རེད།
ཨུ་ཁེ་ལན་རྒྱལ་ཁབ་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ལའེ་ཤན་ཁོའི་ཡིས་ཐོག་མའི་ཆ་འཕྲིན་ལ་གཞིགས་ན། ཨུ་ཁེ་ལན་གྱི་དམག་འཐབ་གནམ་གྲུ་དེ་གཉིས་གཏོར་ལྷུངས་གཏོང་མཁན་གྱི་མེ་ཤུགས་འཕུར་མདེལ་དེ་ཨུ་རུ་སུའི་མངའ་ཁོངས་ནས་འཕེན་གཏོང་བྱས་པ་ཞིག་ཡིན་ཞེས་བཤད་ཡོད་པ་རེད། །