མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅོར་ཏན་གྱི་རྒྱལ་བོས་ཅོར་ཏན་གྱིས་ཤུགས་ཆེན་པོས་ཕཱ་ལེ་སི་ཐན་གྱི་མི་དམངས་ལ་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-25 11:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་ཡིས་ཚེས་ཉེར་བཞིའི་ཉིན་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ལ་ཐུག་འཕྲད་བྱེད་སྐབས་ནན་གྱིས་བསྟན་དོན། ཅོར་ཏན་གྱིས་ཨེ་ཅིབ་ཀྱིས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ཅོར་ཏན་གྱིས་ཤུགས་ཆེན་པོས་ཕཱ་ལེ་སི་ཐན་གྱི་མི་དམངས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་བསྐྱར་སྒྲོག་བྱས།

ཅོར་ཏན་རྒྱལ་བོའི་ཕོ་བྲང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཨ་པུའུ་ཏུའུ་ལཱ་ཡིས་ཉིན་དེར་ཅོར་ཏན་གྱི་རྒྱལ་ས་ཨན་མན་ནས་ཨ་པཱ་སི་དང་གྲོས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། ཅོར་ཏན་གྱིས་མུ་མཐུད་དུ་རྒྱལ་སྤྱིའི་སྤྱི་ཚོགས་བར་འབྲེལ་འདྲིས་གང་ལེགས་བྱས་ཤིང་། ཕཱ་ལེ་སི་ཐན་ཕྱོགས་དང་མཉམ་དུ་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དཔུང་འཇུག་བྱེད་པར་བཀག་འགོག་བྱེད་རྒྱུ་ཡིན་ཟེར། ཁོས་བསྟན་དོན། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དཔུང་འཇུག་བྱེད་པའི་བྱ་སྤྱོད་དེ་རྒྱལ་སྤྱིའི་སྒྲིག་སྲོལ་དང་འགལ་ཡོད་པར་མ་ཟད། ས་ཁུལ་དེའི་བདེ་འཇགས་དང་བརྟན་འཇགས་ཐད་ཆགས་འཇིག་རང་བཞིན་གྱི་གནོད་པ་འབྱུང་སྲིད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨ་པུའུ་ཏུའུ་ལཱ་ཡིས་ནན་གྱིས་བསྟན་དོན། ཅོར་ཏན་གྱིས་ཨེ་ཅིབ་ཀྱིས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་ལ་རྒྱབ་སྐྱོར་བྱེད་པ་དང་། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མྱུར་དུ་མཚམས་བཞག་སྟེ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་སླར་གསོ་བྱེད་པ་དང་། གྲོས་མོལ་བརྟེན་ནས་མཇུག་མཐའི་གནད་དོན་ཐག་གཅོད་བྱེད་དགོས་ལ། འབྲེལ་ཡོད་ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་འོག ཕཱ་ལེ་སི་ཐན་གྱི་གནད་དོན་དེ་སྔ་མོ་ནས་འདྲ་མཉམ་དང་ལུགས་མཐུན་གྱིས་ཐག་གཅོད་བྱེད་པར་ཡར་སྐུལ་གཏོང་དགོས་ཟེར།

ཨ་པཱ་སི་ཡིས་ཨ་པུའུ་ཏུའུ་ལཱ་ལ་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་འགྱུར་ལྡོག་དང་ཕཱ་ལེ་སི་ཐན་གྱི་ལངས་ཕྱོགས་སྙན་ཞུ་བྱས་པར་མ་ཟད། ཁོས་ཉེ་ལམ་འབྲེལ་ཡོད་ཕྱོགས་སོ་སོ་དང་མཉམ་དུ་དབྱི་སི་རལ་གྱི་དཔུང་འཇུག་ལ་བཀག་འགོག་བྱེད་པའི་འབད་བརྩོན་བྱས་པའི་གནས་ཚུལ་སྙན་ཞུ་བྱས། ཨ་པཱ་སི་ཡིས་ཅོར་ཏན་གྱིས་ཅཱ་ཧྲའི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་པ་དང་། ཅོར་ཏན་གྱིས་ཅཱ་ཧྲ་ས་ཁུལ་དུ་གཡུལ་སའི་སྨན་ཁང་བཙུགས་ཏེ་ཕཱ་ལེ་སི་ཐན་གྱི་མི་ལ་སྨན་བཅོས་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱས་པར་གཟེངས་བསྟོད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག