ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧཱ་སག་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱིས་ཞི་བའི་གྲོས་མོལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།
གསལ་སྒྲོག་ལས་བཤད་རྒྱུར། ང་ཚོས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་ཕྱོགས་གཉིས་ཀྱིས་མྱུར་དུ་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ་ཁྲག་བཞུར་འཁྲུག་རྩོད་མཚམས་བཞག་ནས་ཞི་བའི་གྲོས་མོལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཟེར།
གསལ་སྒྲོག་ལས་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ཇེ་སྡུག་ཏུ་སོང་བ་དང་མི་སེར་དཀྱུས་མ་མང་བོར་ཤི་རྨས་ཐེབས་པར་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན། གསལ་སྒྲོག་ལས་བཤད་རྒྱུར། འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་སོང་བ་ལས་དབུས་ཤར་ས་ཁུལ་ཡོངས་ཀྱི་བརྟན་འཇགས་ལ་ཤུགས་རྐྱེན་ཐེབས་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་ཡོད་ཕྱོགས་སོ་སོས་ས་ཁུལ་གྱི་ཞི་བདེ་ཐད་འབད་བརྩོན་བྱས་པར་ཡང་གཏོར་བརླག་ཐེབས་པ་རེད་ཟེར།
ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ཉེར་བཞིའི་ཉིན་བདེན་དཔང་བྱས་དོན། དབྱི་སི་རལ་གྱིས་རྣོ་དབལ་སྲུང་བའི་འགུལ་སྐྱོད་སྤེལ་བའི་ཚུན་ལ། ཕཱ་ལེ་སི་ཐན་གྱི་མི་བདུན་བརྒྱ་དང་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་བཞི་དང་ལྔ་བརྒྱ་ལྷག་ལ་རྨས་ཕོག ཤི་རྨས་ཐེབས་པའི་མི་མང་ཤོས་མི་སེར་དཀྱུས་མ་རེད། དབྱི་སི་རལ་ཕྱོགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། འཁྲུག་རྩོད་དེ་ལས་དབྱི་སི་རལ་གྱི་དམག་མི་སོ་གཉིས་དང་དབྱི་སི་རལ་གྱི་མི་སེར་དཀྱུས་མ་གསུམ་རྐྱེན་ལམ་དུ་ཤོར་ཡོད་ཟེར། །