མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱི་ཙུང་ལི་ཡཱ་ཚེ་ཉིག་ཁི་ཡིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-25 11:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཙུང་ལི་ཡཱ་ཚེ་ཉིག་ཁི་ཡིས་ཚེས་ཉེར་བཞིའི་ཉིན་གྲོས་ཁང་ལ་ལས་ཁུར་དགོངས་ཞུའི་སྙན་ཞུ་ཕུལ་ཏེ་སྲིད་འཛིན་མནའ་འབྲེལ་གཏོར་བར་ངོ་རྒོལ་བྱས།

ཡཱ་ཚེ་ཉིག་ཁི་ཡིས་ཉིན་དེར་ཝུའུ་ཁི་ལན་གྱི་ཆེས་མཐོའི་གྲོས་ཁང་ནས་གཏམ་བཤད་སྤེལ་སྐབས་བསྟན་དོན། ད་ལྟའི་སྲིད་འཛིན་མནའ་འབྲེལ་གཏོར་རྗེས། ཡང་མིན་ན་ཙུང་ལི་ཡིས་ལས་ཁུར་དགོངས་ཞུ་བྱེད་དགོས་པ་དང་། དེ་མིན་ན་གྲོས་ཁང་གིས་སྲིད་འཛིན་མནའ་འབྲེལ་གསར་བ་འཛུགས་དགོས་པ་རེད། ཁོས་སྲིད་འཛིན་མནའ་འབྲེལ་གསར་བ་དེ་ཝུའུ་ཁི་ལན་གུང་ཁྲན་ཏང་གི་གྲོས་མི་དང་ས་གནས་ཏང་གི་གྲོས་མིས་རྩ་འཛུགས་བྱེད་པའི་གནས་ཚུལ་མཐོང་འདོད་མེད་ཟེར།

ཡཱ་ཚེ་ཉིག་ཁི་ཡིས་བསྟན་དོན། ཁོས་ལས་ཁུར་དགོངས་ཞུའི་སྙན་ཞུ་བཏོན་པ་དེ་སྲིད་གཞུང་ལ་སྤྲད་པའི་ནུས་ཁུངས་ཀྱི་བཅའ་ཁྲིམས་འཆར་ཟིན་གལ་ཆེན་ཞིག་ལ་གྲོས་འཆམ་མ་བྱུང་བར་ཡང་འབྲེལ་བ་ཡོད། བཅའ་ཁྲིམས་འཆར་ཟིན་དེས་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གིས་ཝུའུ་ཁི་ལན་གྱི་རང་བྱུང་སོལ་རླངས་ཀྱི་སྐྱེལ་འདྲེན་སྦུག་ལམ་མ་ལག་ལ་དེང་རབས་ཅན་གྱི་བསྒྱུར་བཀོད་བྱེད་ཆོག་པར་བྱས་ཡོད་ཟེར། དེ་ལས་གཞན་ཁོས་ལས་ཁུར་དགོངས་ཞུ་བྱས་པ་ནི་སྲིད་གཞུང་གི་ནོར་སྲིད་སྔོན་རྩིས་འཆར་ཟིན་ཁྲོད་དམག་དོན་ཐད་ཀྱི་གྲོན་དངུལ་ཇེ་མང་དུ་གཏོང་བའི་གྲོས་གཞི་ལ་གྲོས་འཆམ་མ་བྱུང་བར་ཡང་འབྲེལ་བ་ཡོད་ཟེར།

ཡཱ་ཚེ་ཉིག་ཁི་ཡིས་བཤད་རྒྱུར། རྙོག་འཛིང་ཧ་ཅང་ཆེ་བའི་ཆ་རྐྱེན་འོག ཁོས་མགོ་ཁྲིད་པའི་སྲིད་གཞུང་གིས་བསྒྲུབ་ཐུབ་པའི་བྱ་བ་ཡོད་ཚད་བསྒྲུབ་ཡོད་པ་དང་། ཚེས་ཉེར་བཞིའི་ཉིན་གྲོས་ཁང་ནས་བྱུང་བའི་དོན་དག་ཚང་མས་རྒྱལ་ཁབ་ཀྱི་གནས་བབ་སྔར་ལས་རྙོག་འཛིང་དུ་འགྱུར་སྲིད་ཟེར།

ཝུའུ་ཁི་ལན་གྱི་གྲོས་དཔོན་ཐུའུ་ཨར་ཅི་ནོའུ་ཧྥུའུ་ཡིས་དེའི་རྗེས་སུ་བསྟན་དོན། ཆམ་ཕབ་ཏང་དང་རང་དབང་ཏང་གིས་གནས་སྐབས་ཀྱི་ཙུང་ལིའི་འདེམ་སྒུག་མི་སྣའི་མིང་འདོན་དགོས་པ་དང་། གནས་སྐབས་ཀྱི་ཙུང་ལི་གསར་བ་བདམས་ནས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་མ་སྤེལ་གོང་སྲིད་གཞུང་ལ་མགོ་ཁྲིད་བྱེད་དུ་འཇུག་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག