མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཱ་ལིའི་ཙུང་ཐུང་གིས་ཨར་ཅི་རི་ཡཱའི་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུ་དེ་མཱ་ལིའི་བྱང་ཕྱོགས་ས་ཁུལ་དུ་ལྷུང་ཡོད་པར་བཤད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-25 11:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ལིའི་ཙུང་ཐུང་ཁའེ་ཐཱ་ཡིས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། ཨར་ཅི་རི་ཡཱའི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུAH5017དེ་ཉིན་དེར་མཱ་ལིའི་བྱང་ཕྱོགས་ས་ཁུལ་ནས་སར་ལྷུང་ཡོད་ཟེར།

ཁའེ་ཐཱ་ཡིས་ཉིན་དེར་མཱ་ལིའི་ལས་རིགས་སོ་སོའི་མི་སྣ་དང་མཉམ་དུ་མཱ་ལིའི་བྱང་ཕྱོགས་ས་ཁུལ་གྱི་གནད་དོན་ལ་གྲོས་བསྡུར་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད།

མཱ་ལིའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཉིན་དེར་སྤེལ་བའི་སྲིད་གཞུང་གི་གསར་འགྱུར་སྤྱི་སྒྲོག་ལྟར་ན། ཨར་ཅི་རི་ཡཱའི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུAH5017དེ་མཱ་ལི་དང་ཨར་ཅི་རི་ཡཱའི་འབྲེལ་མཚམས་ས་ཁུལ་ནས་སར་ལྷུང་ཡོད་ཟེར།

མཱ་ལིའི་འགྲིམ་འགྲུལ་བློན་ཆེན་ཁུའུ་མཱ་ལོས་ཀྱིས་ཉིན་དེའི་དགོང་མོར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨར་ཅི་རི་ཡཱའི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་དེ་ནི་ནམ་ཟླ་མི་ལེགས་པའི་གནས་ཚུལ་འོག་གར་སོང་ཆ་མེད་དུ་གྱུར་བ་ཡིན་ལ། འབྲེལ་ཡོད་ཕྱོགས་ཀྱིས་མིག་སྔར་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན། མཱ་ལིའི་བདེ་འཇགས་དམག་དཔུང་གིས་ཧྥ་རན་སི་དང་། ཨར་ཅི་རི་ཡཱ། པུའུ་ཁི་ནཱ་ཧྥ་སོ། མཱ་ལི་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱོགས་བསྡུས་བརྟན་འཇགས་འཐུས་ཚབ་ཚོགས་པ་བཅས་དང་མཉམ་ལས་བྱས་ཏེ། གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུ་དེ་འཚོལ་ཞིབ་བྱས་པ་ཡིན།

མཱ་ལི་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱོགས་བསྡུས་བརྟན་འཇགས་འཐུས་ཚབ་ཚོགས་པས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ། མཱ་ལི་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱོགས་བསྡུས་བརྟན་འཇགས་འཐུས་ཚབ་ཚོགས་པའི་གྱེན་འཕུར་གནམ་གྲུ་གཉིས་ཀྱིས་ཉིན་དེར་དུས་ཚོད་འགའི་རིང་གི་སྔོག་བཤེར་ལས་འགན་ལག་བསྟར་བྱས་ཀྱང་གར་སོང་མ་རྙེད་པའི་གནམ་གྲུའི་ཆག་རོ་རྙེད་མེད་ལ། ཉིན་གཉིས་པར་མུ་མཐུད་དུ་འཚོལ་ཞིབ་ལས་འགན་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

ཚེས་ཉེར་བཞིའི་ཉིན། ཨར་ཅི་རི་ཡཱའི་མཁའ་འགྲུལ་ཀུང་ཟིའི་པུའུ་ཁི་ནཱ་ཧྥ་སོའི་རྒྱལ་ས་ཝ་ཅཱ་ཏུའུ་ཀུའུ་ནས་ཨར་ཅི་རི་ཡཱའི་རྒྱལ་ས་ཨར་ཅིར་དུ་འཕུར་བའི་འགྲུལ་སྐྱེལ་གནམ་གྲུAH5017དེ་འཕུར་ནས་སྐར་མ་ལྔ་བཅུ་འགོར་རྗེས་གར་སོང་མ་ཤེས་པ་དང་། གནམ་གྲུ་དེའི་སྟེང་འགྲུལ་བ་བརྒྱ་དང་བཅུ་ཡོད་ལ། གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་དྲུག་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག