མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ནེ་ཀྲི་རི་ཡཱའི་དབུས་ཕྱོགས་ས་ཁུལ་ནས་འགས་གཏོར་དོན་རྐྱེན་ཐེངས་གསུམ་བྱུང་སྟེ་མི་བདུན་ཅུ་རྐྱེན་ལམ་དུ་ཤོར།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-25 11:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་ཁཱ་ཏུའུ་ནཱ་ཀྲིག་གི་ལྟེ་གནས་གྲོང་ཁྱེར་ཁཱ་ཏུའུ་ནཱ་ནས་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་འགས་གཏོར་དོན་རྐྱེན་ཐེངས་གསུམ་བྱུང་བ་དང་། མིག་སྔར་ཉུང་མཐར་ཡང་མི་བདུན་ཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག

བསྒྲགས་པའི་གནས་ཚུལ་ལྟར་ན། འགས་གཏོར་དོན་རྐྱེན་ཐེངས་དང་པོའི་འཇབ་རྒོལ་དམིགས་ཡུལ་ནི་ས་དེའི་དབྱི་སི་ལན་ཆོས་ལུགས་ཀྱི་གཙོ་འཛིན་ཞིག་ཡིན་པ་དང་། ཁོས་མུའུ་ཨར་ཐཱ་ལཱ་ཐང་ཆེན་ནས་གཏམ་བཤད་སྤེལ་རྗེས་གནས་དེར་ཁ་འབྲལ་སྐབས་འགས་གཏོར་བྱུང་བ་རེད། འགས་གཏོར་དོན་རྐྱེན་ཐེངས་གཉིས་པའི་འཇབ་རྒོལ་དམིགས་ཡུལ་ནི་ཁཱ་ཏུའུ་ནཱ་གྲོང་ཁྱེར་དུ་རྟོག་ཞིབ་བྱེད་བཞིན་པའི་དམག་དཔོན་ཞིག་ཡིན་པ་དང་། དྲག་ཆས་ཉེས་ཅན་གྱིས་རླངས་འཁོར་བསྐོར་ནས་དམག་དཔོན་དེའི་རླངས་འཁོར་རུ་ཁག་ཏུ་ཤོར་ཡོང་ནས་རླངས་འཁོར་སྟེང་གི་འགད་རྫས་འགས་གཏོར་བཏང་བ་རེད། རླངས་འཁོར་རུ་ཁག་དེའི་རླངས་འཁོར་གཅིག་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ལ། སྟབས་ལེགས་པ་ཞིག་ལ་དམག་དཔོན་དེར་སྐྱོན་ཅི་ཡང་མ་བྱུང་། འགས་གཏོར་དོན་རྐྱེན་ཐེངས་གསུམ་པ་དེ་ཁཱ་ཏུའུ་ནཱ་གྲོང་ཁྱེར་ལྟེ་གནས་ཀྱི་ཐུའུ་ཏོན་ཝ་ཏཱ་ས་ཁུལ་ནས་བྱུང་།

བསྒྲགས་པའི་གནས་ཚུལ་ལྟར་ན། འགས་གཏོར་དོན་རྐྱེན་དེ་གསུམ་ལས་ཉུང་མཐར་ཡང་མི་བདུན་ཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག ས་དེའི་སྲིད་གཞུང་གིས་དེའི་རྗེས་སུ་ཁཱ་ཏུའུ་ནཱ་གྲོང་ཁྱེར་དུ་དུས་ཚོད་ཉེར་བཞིའི་ནང་མཚན་མགྲོན་འགོག་རྒྱུ་ཁྱབ་སྒྲོག་བྱས།

མིག་སྔར་ད་རུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་འགས་གཏོར་དོན་རྐྱེན་དེ་གསུམ་བཟོས་པར་ཁས་ལེན་བྱས་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག