མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཡང་བསྐྱར་ནེ་ཀྲི་རི་ཡཱའི་བཙན་ཁྲིད་བྱས་པའི་བུད་མེད་སློབ་མ་དག་མྱུར་དུ་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-24 11:17

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་བུད་མེད་སློབ་མ་ཉིས་བརྒྱ་ཙམ་བཙན་ཁྲིད་བྱས་ནས་ཉིན་བརྒྱ་ལྷག་འགོར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་ཉེར་གསུམ་ཉིན་ཡང་བསྐྱར་བུད་མེད་སློབ་མ་དེ་དག་མྱུར་དུ་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། བུད་མེད་ལ་དམིགས་པའི་དྲག་ཤུགས་མཚམས་འཇོག་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་གཞོན་པ་ཧཱ་ཁི་ཡིས་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཕན་ཅི་ཝུན་གྱི་གསལ་སྒྲོག་སྒྲོག་འདོན་བྱས། ཕན་ཅི་ཝུན་གྱིས་བཤད་རྒྱུར། ཁོས་ཚེས་ཉེར་གསུམ་ཉིན་བུད་མེད་སློབ་མ་དེ་དག་གི་ཆེད་དུ་སེམས་སྡུག་བྱེད་པའི་མི་རྣམས་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ་དང་། དེ་ལས་འཛམ་གླིང་གིས་ཉིན་བརྒྱའི་སྔོན་ནེ་ཀྲི་རི་ཡཱའི་ཆི་པུའུ་ཁི་ནས་བཙན་ཁྲིད་བྱས་པའི་བུད་མེད་སློབ་མ་དེ་དག་བརྗེད་མེད་པ་གསལ་བཤད་བྱ་ཐུབ་ཟེར།

ཕན་ཅི་ཝུན་གྱིས་ཡང་བསྐྱར་བུད་མེད་སློབ་མ་དེ་དག་ཕྱིར་གཏོང་དགོས་པ་དང་། བུད་མེད་ལ་དམིགས་པའི་མཐོང་ཆུང་དང་དྲག་ཤུགས་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། ཁོ་མོ་ཚོས་སློབ་གསོ་ཐོབ་པར་རེ་བ་བྱེད་བཞིན་ཡོད་ལ། ཁོ་མོ་ཚོར་གནོད་པ་མི་ཐེབས་པར་སྲུང་སྐྱོབ་བྱེད་པ་དང་ཁོ་མོ་ཚོའི་ནུས་པ་ཡོད་ཚད་འདོན་དུ་བཅུག་ན་ད་གཟོད་མི་ཚང་མར་སྔར་ལས་བཟང་བའི་མ་འོངས་པ་ཞིག་བསྐྲུན་ཐུབ་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག