མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-24 11:16

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་ཉེར་གསུམ་ཉིན་ཅོར་ཏན་གྱི་རྒྱལ་ས་ཨན་མན་ནས་བཤད་རྒྱུར། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་མིག་སྔར་མྱུར་མོར་དྲག་ཤུགས་འགུལ་སྐྱོད་མཚམས་བཞག་སྟེ་གྲོས་མོལ་སླར་གསོ་བྱེད་དགོས་ཟེར།

ཕན་ཅི་ཝུན་དང་ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་ཀྲུའུ་ཏཱ་ཡིས་ཉིན་དེར་དེང་སྐབས་ཀྱི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཐད་ནས་གྲོས་མོལ་བྱས། གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཕན་ཅི་ཝུན་གྱིས་བཤད་རྒྱུར། མིག་སྔའི་དྲག་ཤུགས་སྣང་ཚུལ་དེ་དང་ལེན་བྱེད་ཐབས་མེད་པ་དང་། དེ་ལས་ཉེས་མེད་ཀྱི་ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མ་མང་བོར་ཤི་རྨས་བྱུང་བ་དང་། དེའི་ནང་བྱིས་པ་དང་བུད་མེད། ལོ་ལོན་མང་བོ་ཡོད། དུས་ཚོད་རེ་རེར་ཕཱ་ལེ་སི་ཐན་གྱི་བྱིས་པ་གཅིག་རེའི་ཚེ་སྲོག་ཤོར་བཞིན་ཡོད་ཟེར།

ཕན་ཅི་ཝུན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་ཁག་གཉིས་ཀྱིས་མྱུར་དུ་དྲག་ཤུགས་འགུལ་སྐྱོད་མཚམས་འཇོག་པར་འབད་བརྩོན་བྱས་ཤིང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་འཁྲུག་རྩོད་མཚམས་འཇོག་པར་ཡར་སྐུལ་བྱས་ཏེ། གྲོས་མོལ་ལ་བརྟེན་ནས་གནད་དོན་ཚང་མ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ནན་གྱིས་བསྟན་དོན། དམག་དོན་བྱེད་ཐབས་དེ་ཡུན་རིང་བའི་ཐག་གཅོད་བྱེད་ཐབས་ལ་ཕན་ཐོགས་མེད། ཨེ་ཅིབ་ཀྱིས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་ཧ་ཅང་བཟང་བ་དང་། རྒྱལ་ཁབ་མང་བོས་ཨེ་ཅིབ་ཀྱི་གྲོས་གཞིའི་རྨང་གཞིའི་སྟེང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་ཡིས་ཉིན་དེར་ཕན་ཅི་ཝུན་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཨ་པུའུ་ཏུའུ་ལཱ་ཡིས་དབྱི་སི་རལ་གྱིས་མྱུར་དུ་ཅཱ་ཧྲ་ས་ཁུལ་དུ་སྤེལ་བའི་དམག་དོན་འགུལ་སྐྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག