མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ལི་པུ་ཡཱ་ཡིས་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱི་འདེམ་བསྐོའི་མཇུག་འབྲས་ཁྱབ་སྒྲོག་བྱས་པར་དགའ་བསུ་ཞུས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-24 11:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་གསུམ་ཉིན་གསར་འགྱུར་ལས་རིགས་ལ་གསལ་སྒྲོག་སྤེལ་ཏེ། ལི་པུ་ཡཱ་རྒྱལ་ཁབ་ཀྱིས་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱི་འདེམ་བསྐོའི་མཇུག་འབྲས་ཁྱབ་སྒྲོག་བྱས་པར་དགའ་བསུ་ཞུས་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལི་པུ་ཡཱའི་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་དང་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ཞི་བདེ་དང་བརྟན་འཇགས་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ཀྱི་འགྲན་རྩོད་ལ་འཕྲད་ཡོད་ཀྱང་ལི་པུ་ཡཱའི་མི་དམངས་དང་ལི་པུ་ཡཱའི་རྒྱལ་ཁབ་ཀྱི་ཆེས་མཐོའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་བསྡུས་པ་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གཟེངས་བསྟོད་བྱེད་བཞིན་ཡོད་པར་མ་ཟད། བདམས་ཐོན་བྱུང་བའི་གྲོས་མིས་མྱུར་དུ་འགན་འཁྲི་དང་ལེན་བྱས་ཏེ་ལི་པུ་ཡཱའི་མི་དམངས་ཀྱི་ཆབ་སྲིད་ཐད་ཀྱི་ཐུན་མོང་ལྟ་ཚུལ་ལ་གཞིགས་ཏེ་སྲིད་གཞུང་རྩ་འཛུགས་བྱེད་པར་གྲོས་འཆམ་བྱུང་ནས། རྒྱལ་ཁབ་དེའི་དམངས་གཙོའི་བར་བརྒལ་འཕེལ་རིམ་ལ་ཡར་སྐུལ་གཏོང་དགོས་པའི་སྐུལ་མ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ལི་པུ་ཡཱའི་མངའ་ཁོངས་ཀྱི་དྲག་ཤུགས་འཁྲུག་རྩོད་ལ་ཡང་བསྐྱར་རྒོལ་གཏམ་བཏང་བ་དང་། ལི་པུ་ཡཱའི་ཕྱོགས་ཁག་སོ་སོ་ངེས་པར་དུ་ཆབ་སྲིད་གྲོས་མོལ་ལ་ཞུགས་ཏེ་རྒྱལ་ཁབ་ཀྱི་བརྟན་འཇགས་ལ་གནོད་པའི་དྲག་ཤུགས་འགུལ་སྐྱོད་སྔོན་འགོག་བྱེད་དགོས་པ་བསྐྱར་སྒྲོག་བྱས།

ལི་པུ་ཡཱ་ཡིས་ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱི་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་ལི་པུ་ཡཱ་རྒྱལ་ཁབ་ཀྱི་ཆེས་མཐོའི་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གིས་མཇུག་མཐའི་མཇུག་འབྲས་ཁྱབ་སྒྲོག་བྱས། བསྡོམས་པས་གྲོས་མིའི་ལས་གནས་ཉིས་བརྒྱའི་ཁྲོད་ཀྱི་ལས་གནས་བརྒྱ་དང་གྱ་བརྒྱད་གཏན་འཁེལ་བྱས་པ་དང་། དེ་འཕྲོ་མ་དག་གསབ་འདེམ་བྱེད་རྒྱུ་རེད། ལི་པུ་ཡཱའི་རྒྱལ་དམངས་གྲོས་ཁང་གིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཟླ་བརྒྱད་པའི་ཚེས་བཞི་ཉིན་སྐབས་གསར་བའི་གྲོས་ཁང་སྟེ་ལི་པུ་ཡཱའི་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་ལ་དབང་ཆ་བརྒྱུད་སྤྲོད་བྱེད་རྒྱུ་ཁྱབ་སྒྲོག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག