ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་ཉིན་རེའི་སྦྲགས་སྲིད་ཚགས་པར་ཞེས་པའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་སིའི་MH17རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་གཏོང་ལྷུང་བཏང་ནས་ཉིན་བཞི་སོང་རྗེས། རྐྱེན་ལམ་དུ་ཤོར་མཁན་གྱི་ཕུང་པོ་280བླུགས་ཡོད་པའི་མེ་འཁོར་དེ་ཨུ་ཁེ་ལན་ཤར་རྒྱུད་ཀྱི་ཏོ་ལེ་ཧྲི་ནས་ཐོན་ཏེ། དམངས་ཁྲོད་དྲག་ཆས་པས་ཚོད་འཛིན་བྱས་པའི་ཏུན་སྙེ་ཚེ་ཁེ་གྲོང་ཁྱེར་དུ་བསྐྱོད་ཡོད་པ་རེད།
ཨུ་ཁེ་ལན་ཤར་རྒྱུད་ཀྱི་དམངས་ཁྲོད་དྲག་ཆས་པས། རྐྱེན་ལམ་དུ་ཤོར་མཁན་གྱི་ཕུང་པོ་དེ་དག་ལ་རིགས་གཅིག་མཁས་པས་ཞིབ་བཤེར་བྱས་རྗེས། མཐའ་མཇུག་རང་སོའི་རྒྱལ་ཁབ་ལ་དབོར་རྒྱུའི་ཁས་ལེན་བྱས་ཡོད། རྐྱེན་ལམ་དུ་ཤོར་མཁན་ཁྱིམ་མིས་ཡང་གཉེན་ཉེའི་ཕུང་པོ་གང་མགྱོགས་རྒྱལ་ནང་དུ་སྐྱེལ་རྒྱུའི་རེ་འབོད་བྱས་ཡོད་པ་རེད།
ཨུ་ཁེ་ལན་ཤར་རྒྱུད་ཀྱི་ས་གནས་དཔོན་རིགས་ཀྱིས། རྒྱལ་ཁོངས་ཧོ་ལན་ནས་ཡིན་པའི་རྐྱེན་ལམ་ཤོར་མཁན་གྱི་ཕུང་པོ་ཧོ་ལན་རྒྱལ་ཁབ་ལ་སྤྲད་རྒྱུ་མོས་མཐུན་བྱས་ཡོད། ཧོ་ལན་གྱི་ཕུང་པོར་ཞིབ་བཤེར་བྱེད་མཁན་དཔོན་རིགས་ཀྱིས་ཀྱང་། ཕུང་པོ་སྐྱེལ་འདྲེན་བྱེད་པའི་མེ་འཁོར་འཁོར་སྐྱོད་བྱེད་འགོ་ཚུགས་ཡོད། ཡིན་ནའང་ཕུང་པོ་དེ་དག་གང་དུ་དབོར་མིན་གསལ་པོ་མེད་ཅེས་ར་སྤྲོད་བྱས་ཡོད་པ་རེད། །