ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལའེ་ཡིས་སྤྱི་ཚེས་22ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས། མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་སིའི་MH17རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ལྷུང་བའི་དོན་རྐྱེན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བའི་ཐད་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་འདུག
ཧུང་ལའེ་ཡིས། པེ་ཅིན་གྱི་དུས་ཚོད་སྤྱི་ཚེས་22ཉིན་གྱི་སྔ་དྲོ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས། མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ཨུ་ཁེ་ལན་ཤར་རྒྱུད་དུ་ལྷུང་བའི་གནད་དོན་ཐད་གྲོས་ཆོད་ཨང་2166ལ་གྲོས་འཆམ་བྱུང་ཡོད། ཀྲུང་གོའི་ཕྱོགས་ནས་བརྡས་ཐག་བཅད་པའི་ཐད་མོས་མཐུན་ཡོད་པའི་འཕེན་ཤོག་འཕེན་ཡོད་ཅེས་ངོ་སྤྲོད་གནང་།
ཧུང་ལའེ་ཡིས་ཀྲུང་གོའི་ཕྱོགས་ནས་མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ལྷུང་བའི་དོན་རྐྱེན་ཐད། རང་ཚུགས་དང་གཞུང་དྲང་། དོན་དངོས་བཅས་ཀྱི་བརྟག་དཔྱད་བྱེད་རྒྱུ་དང་། རྒྱལ་སྤྱིའི་དམངས་སྤྱོད་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་བརྟག་དཔྱད་ཁྲོད་འགག་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུར་རྒྱབ་སྐྱོར་ཞུ་གི་ཡིན་ཞེས་དང་། ཁོང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མགྲིན་གཅིག་ཏུ། གྲོས་ཆོད་ཨང་2166ལ་གྲོས་འཆམ་བྱུང་ཡོད་པས། དེས་འབྲེལ་ཡོད་ཕྱོགས་ཁག་བར་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་འགྲོ་རྒྱུ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ། རྒྱལ་སྤྱིའི་བརྟག་དཔྱད་ལས་དོན་ལ་འཕེལ་རིམ་ཐོན་རྒྱུ་བཅས་ལ་ཕན་ཐོགས་ཡོད་བསྟན་ཡོད་པ་རེད། །