མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་དབྱི་སི་རལ་གྱིས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-23 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་ཉེར་གཉིས་ཉིན་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་སྐབས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་བ་དང་། དམག་དོན་འགུལ་སྐྱོད་དེས་དབྱི་སི་རལ་ལ་དུས་ཡུན་རིང་བོའི་བརྟན་འཇགས་བསྐྲུན་མི་ཐུབ་པར་འདོད།

ཕན་ཅི་ཝུན་གྱིས་ཉིན་དེར་དབྱི་སི་རལ་དུ་འཚམས་འདྲི་བྱས་ཏེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པར་བར་འདུམ་བྱས་པ་དང་། སོ་སོར་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་རྒྱལ་སྲུང་བློན་ཆེན་ཡཱ་ཨ་ལུང་དང་གྲོས་མོལ་བྱས།

ནེ་ཐཱ་ནི་ཡཱ་ཧུའུ་དང་མཉམ་དུ་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཕན་ཅི་ཝུན་གྱིས་བསྟན་དོན། དབྱི་སི་རལ་དང་ཕཱ་ལེ་སི་ཐན་ཕྱོགས་གཉིས་ཀྱིས་འཐབ་འཁྲུག་མཚམས་བཞག་སྟེ་གྲོས་མོལ་བྱེད་པར་རེ་བ་བྱེད་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཐེངས་འདིའི་འགྲུལ་བཞུད་ལས་གཙོ་བོ་གནས་ཚུལ་གསུམ་བརྒྱུད་སྒྲོག་བྱེད་རྒྱུ་ཡིན་ཏེ། གཅིག་ནི་དབྱི་སི་རལ་དང་ཕཱ་ལེ་སི་ཐན་ཕྱོགས་གཉིས་ཀྱིས་མྱུར་མོར་དྲག་ཆས་འཁྲུག་རྩོད་མཚམས་འཇོག་པ་དང་། གཉིས་ནི་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱིས་གྲོས་མོལ་སླར་གསོ་བྱེད་པ། གསུམ་ནི་རྒྱང་རིང་ལ་བསམ་བློ་བཏང་སྟེ་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་འཁྲུག་རྩོད་ཀྱི་གཞི་རྩའི་གནད་དོན་ཐག་གཅོད་བྱེད་པ་བཅས་ཡིན་ཟེར། ཁོས་དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་དེས་དབྱི་སི་རལ་ལ་དུས་ཡུན་རིང་བོའི་བརྟན་འཇགས་བསྐྲུན་མི་ཐུབ་པ་དང་། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དེ་སྔར་བཞིན་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་ཆེས་བཟང་བོ་ཡིན་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ནི་འཁྲུག་རྩོད་མཚམས་འཇོག་པར་ཁས་ལེན་མི་བྱེད་པའི་ཕྱོགས་ཁག་རེད་ཟེར།

ཅཱ་ཧྲ་ས་ཁུལ་གྱི་མི་སེར་དཀྱུས་མའི་ཤི་རྨས་ཁ་གྲངས་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་བའི་དབང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་འཁྲུག་རྩོད་མཚམས་འཇོག་པའི་བར་འདུམ་ཤུགས་ཚད་ཇེ་ཆེར་བཏང་ཡོད། ཚོད་དཔག་བྱས་ན་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཚེས་ཉེར་གསུམ་ཉིན་དབྱི་སི་རལ་དུ་འབྱོར་ནས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་འཁྲུག་རྩོད་མཚམས་འཇོག་པར་བར་འདུམ་བྱེད་རྒྱུ་རེད།

མིག་སྔའི་བར་དབྱི་སི་རལ་གྱི་རྣོ་དབལ་སྲུང་བའི་འགུལ་སྐྱོད་སྤེལ་ནས་ཉིན་བཅོ་ལྔ་འགོར་བ་དང་། ཕཱ་ལེ་སི་ཐན་གྱི་བདེ་འཇགས་སྡེ་ཁག་གིས་ཉིན་དེར་བདེན་དཔང་བྱས་དོན། དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ལས་ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི་དྲུག་བརྒྱ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གསུམ་དང་དྲུག་བརྒྱ་ལྷག་ལ་རྨས་ཕོག་ཟེར། དབྱི་སི་རལ་ཕྱོགས་ཀྱིས་བདེན་དཔང་བྱས་དོན། ཧཱ་མཱ་སི་དང་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་ཚོགས་ཁག་གཞན་པས་དབྱི་སི་རལ་དུ་མེ་ཤུགས་འཕུར་མདའ་སྟོང་གཉིས་ལྷག་གཏོང་འཕེན་བྱས་པར་མ་ཟད། འཁྲུག་རྩོད་དེ་ལས་དབྱི་སི་རལ་གྱི་དམག་མི་ཉེར་བརྒྱད་དང་དབྱི་སི་རལ་གྱི་མི་སེར་དཀྱུས་མ་གཉིས་རྐྱེན་ལམ་དུ་ཤོར་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག