མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱིས་ལི་པུ་ཡཱ་རུ་སྡོད་པའི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་ཕྱིར་འཐེན་བྱས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-23 10:59

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱའི་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་གཉིས་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ལི་པུ་ཡཱའི་བདེ་འཇགས་གནས་བབ་ཇེ་སྡུག་ཏུ་སོང་བའི་དབང་གིས་འཇར་པན་གྱིས་ལི་པུ་ཡཱ་རུ་སྡོད་པའི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་ཕྱིར་འཐེན་བྱས་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ལི་པུ་ཡཱ་རུ་སྡོད་པའི་འཇར་པན་གྱི་གཞུང་ཚབ་ཁང་གི་མི་སྣ་ལ་ལས་ད་ལྟ་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་རུ་བྱ་བ་བསྒྲུབ་བཞིན་ཡོད་པ་དང་། ལི་པུ་ཡཱའི་འཇར་པན་ཚོང་བ་དག་ཕྱིར་འཐེན་བྱས་ཡོད་ལ། ལི་པུ་ཡཱ་རུ་སྡོད་པའི་འཇར་པན་གྱི་གཞུང་ཚབ་ཁང་དེ་ལི་པུ་ཡཱའི་གནས་བབ་བརྟན་འཇགས་སུ་སོང་རྗེས་ཡང་བསྐྱར་སྒོ་འབྱེད་རྒྱུ་རེད་ཟེར། འཇར་པན་གྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གནས་ཚུལ་དེ་བདེན་དཔང་བྱས།

དེའི་སྔོན་ཨེ་ཅིབ་དང་ཨར་ཅི་རི་ཡཱ། སོ་ཏི་ཨ་རབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁུན་ནེ་ཡཱ་སོགས་འདུས་པའི་རྒྱལ་ཁབ་མང་བོས་ལི་པུ་ཡཱ་རུ་སྡོད་པའི་གཞུང་ཚབ་ཁང་གི་སྒོ་བརྒྱབ་པ་རེད།

ཟླ་འདིའི་ཚེས་བཅུ་གསུམ་ཉིན་ནས་བཟུང་། ལི་པུ་ཡཱའི་ཕྱོགས་ཁག་གཉིས་ཀྱི་དམངས་དམག་དྲག་ཆས་པས་རྒྱལ་ས་ཏི་ལེ་པའོ་ལིའི་རྒྱལ་སྤྱིའི་གནམ་གྲུ་ཐང་དང་ཉེ་འདབས་ཀྱི་གཞུང་ལམ་ནས་བསྟུད་མར་འཁྲུག་རྩོད་དྲག་པོ་བྱས་ཏེ། ཉུང་མཐར་ཡང་མི་ཞེ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་ཉི་ཤུ་ལ་རྨས་ཕོག ལི་པུ་ཡཱའི་བདེ་འཇགས་གནས་བབ་དེ་སྔར་ལས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད།

ཟླ་འདིའི་ཚེས་བཅུ་བཞིའི་ཉིན། ལི་པུ་ཡཱ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་སྐྱོར་ཆེད་མངག་ཚོགས་པས་ལི་པུ་ཡཱ་རུ་སྡོད་པའི་ལས་བྱེད་མི་སྣ་ཕྱིར་འཐེན་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། ཧྥེ་ལེ་པེན་སྲིད་གཞུང་གིས་ཚེས་ཉི་ཤུའི་ཉིན་ལི་པུ་ཡཱ་རུ་ཡོད་པའི་ཧྥེ་ལེ་པེན་གྱི་སྤྱི་དམངས་ཁྲི་གཅིག་དང་སྟོང་གསུམ་ཕྱིར་འཐེན་བྱེད་རྒྱུ་ཁྱབ་སྒྲོག་བྱས། ཐུར་ཁེ་དང་ཨེ་ཅིབ་སོགས་རྒྱལ་ཁབ་ཀྱིས་ཀྱང་རང་རང་གི་སྤྱི་དམངས་དག་མྱུར་མོར་ལི་པུ་ཡཱ་དང་ཁ་འབྲལ་དགོས་པའི་རེ་བ་བཏོན་ཡོད། མར་ཐཱ་རྒྱལ་ཁབ་ཀྱིས་ཚེས་ཉེར་གཅིག་ཉིན་ལི་པུ་ཡཱ་རུ་ཡོད་པའི་རྒྱལ་ཁབ་རང་གི་སྤྱི་དམངས་བཅུ་ཕྲག་འགའ་ཕྱིར་འཐེན་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག