མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁི་ལེ་ཡིས་ཧཱ་མཱ་སི་ཡིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱེད་དགོས་པའི་སྐུལ་མ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-23 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཚེས་ཉེར་གཉིས་ཉིན་ཁེ་རོ་ནས་བསྟན་དོན། ཨ་མེ་རི་ཁས་ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཨེ་ཅིབ་ཀྱིས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱེད་དགོས་པའི་སྐུལ་མ་བཏང་བ་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་སོང་བར་འགན་ཁུར་དགོས་ཟེར།

ཁི་ལེ་ཡིས་ཉིན་དེར་ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལི་དང་མཉམ་དུ་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཧཱ་མཱ་སི་ཡིས་དབྱི་སི་རལ་དུ་བསྟུད་མར་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་པ་དང་། དབྱི་སི་རལ་གྱིས་འཇབ་རྒོལ་ཐེབས་པའི་རྒྱལ་ཁབ་གང་རུང་དང་འདྲ་བར་དེར་རྒོལ་ལན་སྤྲད་པ་རེད་ཟེར།

ཁི་ལེ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་ཁག་གཉིས་ཀྱིས་འཁྲུག་རྩོད་འཇོག་པའི་གྲོས་མཐུན་བཀོད་ནས་མིག་སྔའི་ཁྲག་བཞུར་འཁྲུག་རྩོད་མཚམས་འཇོག་པར་ཡར་སྐུལ་བྱེད་བཞིན་ཡོད་ཟེར། ཁོས་ཞོར་དུ་ནན་གྱིས་བསྟན་དོན། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པ་ཙམ་གྱིས་མི་ཆོག་པར་མིག་སྔའི་ཛ་དྲག་གི་གནས་བབ་བཟོས་པའི་གཞི་རྩའི་གནད་དོན་ལ་གཟབ་ནན་གྱིས་གྲོས་བསྡུར་དང་གྲོས་མོལ་བྱེད་དགོས་ཟེར།

ཁི་ལེ་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་རུ་འབྱོར་བ་དང་། སྔ་གཞུག་ཏུ་ཨེ་ཅིབ་ཏུ་འཚམས་འདྲི་བྱེད་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཨ་ལཱ་པུས། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་སོགས་ལ་ཐུག་འཕྲད་བྱས་ཏེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱས། ཁི་ལེ་ཡིས་ཉིན་དེའི་དགོང་མོར་ཨ་མེ་རི་ཁས་ཅཱ་ཧྲ་ས་ཁུལ་གྱི་སྡོད་དམངས་ལ་མེ་སྒོར་བྱེ་བ་བཞི་དང་ས་ཡ་བདུན་གྱི་རིན་ཐང་ལྡན་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་རྒྱུ་ཁྱབ་སྒྲོག་བྱས་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་འཁྲུག་རྩོད་མཚམས་འཇོག་པར་ཡར་སྐུལ་བྱས་ཏེ་ཤི་རྨས་དང་གྱོང་གུད་སྔར་ལས་ཆེན་པོ་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག