མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕྱོགས་སོ་སོས་མཱ་ལེ་ཞི་ཡཱའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་གྱི་རྟོག་ཞིབ་བྱ་བར་གཞོགས་འདེགས་བྱེད་དགོས་པའི་སྐུལ་མ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-22 10:42

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་གཅིག་ཉིན་གྲོས་ཆོད་བཀོད་དེ། མཱ་ལེ་ཞི་ཡཱའི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་སར་འཕང་བའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། ཕྱོགས་སོ་སོས་དོན་རྐྱེན་དེའི་ཐད་ཀྱི་རྒྱལ་སྤྱིའི་རྟོག་ཞིབ་ལ་གཞོགས་འདེགས་བྱེད་དགོས་པའི་སྐུལ་མ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེའི་ཕྱི་དྲོར་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་གྲོས་ཚོགས་བསྡུས་ཏེ་གྲོས་ཆོད་བཀོད། གྲོས་ཆོད་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་གྱི་རྩ་འཛིན་གཞིར་བཟུང་སྟེ། མཱ་ལེ་ཞི་ཡཱའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ལ་སྒེར་ཚུགས་དང་གསལ་ཐག་ཆོད་པའི་རྒྱལ་སྤྱིའི་རྟོག་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། གནམ་གྲུ་སར་ལྷུང་སར་འགྲོ་བར་ཚད་བཀག་ཐེབས་པར་དོ་སྣང་ཆེན་པོ་བྱེད་པའི་ཚུལ་བསྟན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གནམ་གྲུ་སར་ལྷུང་ས་དང་དེའི་ཉེ་འཁོར་ས་ཁུལ་གྱི་དྲག་ཆས་ཚོགས་ཁག་གིས་གནམ་གྲུ་ལྷུང་སའི་གནས་ཚུལ་ངོ་མར་གཏོར་བརླག་ཐེབས་སྲིད་པའི་འགུལ་སྐྱོད་གང་ཡང་སྤེལ་མི་རུང་བ་དང་། རྒྱལ་སྤྱིའི་རྟོག་ཞིབ་མི་སྣས་བདེ་འཇགས་དང་འགན་སྲུང་ཡོད་པ། བཀག་འགོག་མི་ཐེབས་པའི་སྒོ་ནས་གནམ་གྲུ་སར་ལྷུང་ས་དང་དེའི་ཉེ་འཁོར་གྱི་ས་ཁུལ་དུ་རྟོག་ཞིབ་བྱེད་པར་ཆོག་མཆན་འགོད་དགོས་ཟེར།

གྲོས་ཆོད་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གནམ་གྲུ་སར་ལྷུང་སའི་གནས་དང་དེའི་ཉེ་འཁོར་ས་ཁུལ་གྱི་དམག་དོན་བྱ་འགུལ་ཚང་མ་མྱུར་དུ་མཚམས་བཞག་སྟེ། རྒྱལ་སྤྱིའི་རྟོག་ཞིབ་པས་འགན་སྲུང་ཡོད་པ་དང་བདེ་འཇགས་ལྡན་པའི་སྒོ་ནས་བྱ་བ་སྤེལ་བར་སྟབས་བདེ་བཟོ་དགོས་པའི་རེ་བ་བཏོན་པར་མ་ཟད། ས་ཁུལ་དེའི་རྒྱལ་ཁབ་དང་དྲག་ཆས་ཚོགས་ཁག་ཚང་མས་ཐེངས་འདིའི་དོན་རྐྱེན་ལ་རྒྱལ་སྤྱིའི་རྟོག་ཞིབ་བྱེད་པར་གཞོགས་འདེགས་གང་ལེགས་བྱེད་དགོས་པའི་སྐུལ་མ་བཏང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ད་རུང་དོན་རྐྱེན་བཟོ་མཁན་གྱི་འགན་འཁྲི་རྩད་གཅོད་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། རྒྱལ་ཁབ་ཚང་མས་གཞོགས་འདེགས་གང་ལེགས་བྱེད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག