མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཛམ་གླིང་དམག་ཆེན་གཉིས་པའི་དམར་གསོད་ཆེན་པོའི་དོན་རྐྱེན་ནང་ཀྲུང་གོའི་གནོད་འཚེ་ཕོག་མཁན་གྱིས་རྒྱལ་ནང་གི་ཁྲིམས་ཁང་དུ་རི་པིན་སྲིད་གཞུང་ལ་ཞུ་གཏུག་ཐེངས་དང་པོ་བརྒྱབ་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-07-22 10:42

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་7ཚེས་13ཉིན་རི་པིན་ཕྱོགས་ནས་གྱོང་གསབ་ལེན་པའི་ཕན་ཅ་ཡུས་ཀྱི་དམངས་ཁྲོད་ཚོགས་པ་དང་ཕན་ཅ་ཡུས་གྲོང་མི་ཨུ་ལྷན་གྱིས་པེ་ཅིང་དུ་རི་པིན་ཕྱོགས་ནས་གྱོང་གསབ་ལེན་པའི་ཀྲུང་གོའི་དམངས་ཁྲོད་མཉམ་འབྲེལ་ལྷན་ཚོགས་དང་མངགས་བཅོལ་དབང་སྤྲོད་ཡི་གེར་མིང་རྟགས་བཀོད་ནས་རི་པིན་ཕྱོགས་ནས་གྱོང་གསབ་ལེན་པའི་ཀྲུང་གོའི་དམངས་ཁྲོད་མཉམ་འབྲེལ་ལྷན་ཚོགས་ལ་ཕན་ཅ་ཡུས་དམར་གསོད་དོན་རྐྱེན་ནང་གནོད་འཚེ་ཕོག་མཁན་ཡོངས་ཀྱི་ཁ་ཆེམས་གཞིར་བཟུང་ཀྲུང་གོའི་ཁྲིམས་ཁང་དུ་རི་པིན་སྲིད་གཞུང་ལ་ཞུ་གཏུག་རྒྱག་རྒྱུ་དངོས་སུ་མངགས་བཅོལ་བྱས་པ་རེད།

“གལ་སྲིད་བདེ་བླག་ངང་གྱོད་ཁོངས་སུ་འཇུག་ཐུབ་ཚེ་འཛམ་གླིང་དམག་ཆེན་གཉིས་པའི་དམར་གསོད་ཆེན་པོའི་ནང་གི་ཀྲུང་གོའི་གནོད་འཚེ་ཕོག་མཁན་གྱིས་རྒྱལ་ནང་གི་ཁྲིམས་ཁང་བརྒྱུད་རི་པིན་སྲིད་གཞུང་ལ་མཉམ་སྡེབ་ཞུ་གཏུག་རྒྱག་ཐེངས་དང་པོ་དེ་ཡིན་སྲིད”རི་པིན་ཕྱོགས་ནས་གྱོང་གསབ་ལེན་པའི་ཀྲུང་གོའི་དམངས་ཁྲོད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཐུང་ཙེང་གིས་རི་པིན་སྲིད་གཞུང་ཞུ་གཏུག་བརྒྱབ་ནས་འདས་པོར་གྱོང་གསབ་བྱ་རྒྱུ་དེའང་ཕན་ཅ་ཡུས་དམར་གསོད་ཆེན་པོའི་གྱོད་གཞིའི་ནང་གནོད་འཚེ་ཕོག་མཁན་ཚོའི་ལོ་མང་གི་ཕུགས་འདུན་རེད་ཅེས་བཤད་པ་རེད།

འཛམ་གླིང་དམག་ཆེན་གཉིས་པའི་རིང་ཕན་ཅ་ཡུས་གྲོང་ཚོ་དེ་ཀྲུང་གོ་གུང་ཁྲན་ཏང་གི་རི་འགོག་མཁར་རྫོང་གྲོང་ཚོ་ཡིན་ཞིང་།ཧོ་པེ་ཞིང་ཆེན་ཕུང་རུན་རྫོང་ཡའོ་ཏའེ་རི་ཁྲོད་དུ་གནས་ཡོད།1941ལོའི་ཟླ་1ཚེས་25ཉིན་ཀྲུང་གོར་བཙན་འཛུལ་རི་པིན་དམག་གིས་གོ་མཚོན་གང་ཡང་མེད་པའི་གྲོང་མི་3000ལྷག་ཙམ་ལ་མི་ཆོས་ལས་འདས་པའི་དམར་གསོད་ཆེན་པོ་བྱས་ཏེ་སྤུན་ཟླ་1298རྐྱེན་ལམ་དུ་ཤོར་བ་དང་།དུད་ཚང་23རྩ་སྟོངས་སུ་བཏང་བ།མི་96ལ་རྨས་སྐྱོན་བཏང་བ་བཅས་རྒྱལ་ཕྱི་རྒྱལ་ནང་དུ་ཧང་སངས་དགོས་པའི“ཕན་ཅ་ཡུས་ཀྱི་དམར་གསོད་ཆེན་པོའི་དོན་རྐྱེན”བསླངས་པ་རེད།

“ཕན་ཅ་ཡུས་ཀྱི་དམར་གསོད་ཆེན་པོའི་དོན་རྐྱེན”ནང་སྲོག་ཉེན་ལས་ཐར་མཁན་ལོ་80ལ་སླེབས་པའི་ཕན་ཧྲན་ཙེང་གིས་དམར་གསོད་ཆེན་པོ་དེ་རི་པིན་གྱིས་རྐང་བཙུགས་ནས་བསླངས་པ་ཞིག་ཡིན་པས་ཕན་ཅ་ཡུས་གྲོང་ཚོའི་མི་རབས་ནས་མི་རབས་བར་གྱི་གྲོང་མིས་བརྗེད་པར་དཀའ་བའི་ཁྲག་དང་མིག་ཆུའི་དྲན་ཤེས་ཡིན་ལ་རི་པིན་བཙན་འཛུལ་པས་བསགས་པའི་ཐར་པར་གཏོང་ཐབས་བྲལ་བ་ཞིག་དང་།འགྲོ་བ་མིའི་རིགས་ལ་འཚེ་བའི་ནག་ཉེས་ཤིག་དེ་བས་ཀྱང་ཡིན་ཞེས་བཤད་པ་རེད།

“ནག་ཉེས་དེ་ལས་ཚབས་ལྕི་བ་ནི་རི་པིན་སྲིད་གཞུང་གིས་རང་སྐྱོན་རང་བརྟག་མི་བྱེད་པ་དང་།ནག་ཉེས་ངོས་ལེན་གྱིས་དག་ཐབས་མི་བྱེད་པ།གྱོང་གསབ་མི་འཇལ་བ་བཅས་ཀྱི་ངོ་ཚ་ཁྲེལ་མེད་ཀྱི་རྣམ་འགྱུར་ཡིན་པ་དང་དམག་རྒྱལ་རིང་ལུགས་བསྐྱར་དར་བྱེད་པའི་ཧམ་སེམས་བཅངས་པ་དེ་ཡིན”ཞེས་རི་པིན་ཕྱོགས་ནས་གྱོང་གསབ་ལེན་པའི་ཕན་ཅ་ཡུས་ཀྱི་དམངས་ཁྲོད་ཚོགས་པའི་ཚོགས་གཙོ་ཕན་རུའེ་ཧྲེན་གྱིས་བཤད་ཅིང་།ཁོང་གི་ནང་མི་12སྐབས་དེའི་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བ་རེད།

མ་འོངས་པའི་དུས་སྐབས་ཤིག་ནང་རི་པིན་ཕྱོགས་ནས་གྱོང་གསབ་ལེན་པའི་ཀྲུང་གོའི་དམངས་ཁྲོད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཕན་ཅ་ཡུས་གྲོང་ཚོར་ཁྲིམས་རྩོད་པ་གདན་ཞུ་བྱ་རྒྱུ་དང་འབྲེལ་གྲོང་མིར་ཞུ་གཏུག་ཡིག་ཆ་ལེགས་སྒྲིག་བྱེད་རོགས་ཀྱང་བྱ་རྒྱུ་ཡིན་པ་དང་དུས་མཚུངས་གནོད་འཚེ་ཕོག་མཁན་གྱི་འབྲེལ་ཡོད་ཆ་འཕྲིན་དཔྱད་ཡིག་ཀྲུང་གོ་ཁྲིམས་ལུགས་ལས་རིགས་ཀྱི་ཆེད་ལས་ཁེ་དབང་མི་སྣར་སྤྲོད་རྒྱུ་དང་འབྲེལ་ཧོ་པེའི་མཐོ་རིམ་ཁྲིམས་ཁང་དུ་རི་པིན་གྱི་འབྲེལ་ཡོད་གནོད་འཚེ་གཏོང་མཁན་ཁེ་ལས་ལ་ཞུ་གཏུག་རྒྱག་རྒྱུ་ཡིན་པ་རེད། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག