ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཚེས་ཉི་ཤུའི་ཉིན་མཱ་ལེ་ཞི་ཡཱའི་འགྲུལ་སྐྱེལ་གནམ་གྲུར་སར་འཕང་བའི་འཕུར་མདའ་དེ་ཨུ་རུ་སིའི་ཡིན་པར་བཤད་རྗེས། ཨ་མེ་རི་ཁའི་ཨོ་པཱ་མཱའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་ཉེར་གཅིག་ཉིན་ཕོ་བྲང་དཀར་པོ་ནས་གཏམ་བཤད་སྤེལ་ཏེ། ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་ཡོད་པའི་ཨུ་རུ་སི་ལ་བློ་ཉེ་བའི་དྲག་ཆས་ཁ་བྲལ་རྩ་འཛུགས་ཀྱིས་ཡ་ང་བའི་དོན་རྐྱེན་བཟོས་པར་ཡང་བསྐྱར་སྒྲོག་སྐྱོན་འཛུགས་བྱས་པ་དང་། ཨུ་རུ་སི་ཡིས་ཁ་བྲལ་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་བར་མ་ཟད། ཁོ་ཚོས་ཧུར་ཐག་སྒོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རོགས་འདེགས་བྱས་ཏེ་རྟོག་ཞིབ་བྱེད་དགོས་པའི་རེ་བ་བཏོན།
ཨོ་པཱ་མཱ་ཡིས་བསྟན་དོན། དོན་རྐྱེན་དེར་རྟོག་ཞིབ་བྱེད་པའི་བྱ་བ་བདེ་བླག་ངང་སྤེལ་ཆེད། དོན་རྐྱེན་བྱུང་སའི་ཨུ་རུ་སི་ལ་བློ་ཉེ་བའི་དྲག་ཆས་ཁ་བྲལ་རྩ་འཛུགས་ཚོད་འཛིན་བྱས་ཏེ་རྒྱལ་སྤྱིའི་རྩ་འཛུགས་ལ་ཐད་ཀར་གནས་དེར་འགྲོ་བར་རོགས་ལས་བྱེད་དགོས་ཟེར། ཨོ་པཱ་མཱ་ཡིས་ནན་གྱིས་བསྟན་དོན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ནི་ཁ་བྲལ་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་རྟོག་ཞིབ་མི་སྣ་བདེ་བླག་ངང་གནས་དེར་འགྲོ་རུ་འཇུག་པར་སློབ་གསོ་གཏོང་བའི་གནད་འགག་རེད་ཟེར། དེ་བས་ཁོས་ཨུ་རུ་སིའི་ཕྱོགས་ཀྱིས་ཐད་ཀར་ཁ་བྲལ་རྩ་འཛུགས་ལ་གནོན་ཤུགས་བྱིན་ནས་ཁོ་ཚོས་ཁུངས་སྣེ་མེད་པར་བཟོ་བའི་བྱ་བ་མཚམས་འཇོག་དགོས་པའི་རེ་བ་བཏོན།
ཉིན་དེར་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨུ་རུ་སི་ལ་བློ་ཉེ་བའི་ཁ་བྲལ་རྩ་འཛུགས་ཀྱིས་མུ་མཐུད་དུ་རྒྱལ་སྤྱིའི་རྟོག་ཞིབ་མི་སྣ་དོན་རྐྱེན་བྱུང་སར་ཡོང་ནས་རྟོག་ཞིབ་བྱེད་པར་བཀག་འགོག་བྱེད་དགོས་ཟེར། །