མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རི་པིན་གྱི་དམག་འཁྲུག་ཉེས་ཅན་པ་བདེན་པའི་འདྲི་གཅོད་ཁྲིམས་སྟེགས་སུ་སྐྱེལ་བ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-07-22 10:42

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པེ་ཅིང་གྲོང་གི་ཤར་ལྷོའི་མཚམས་སུ་གནས་པའི་ལུང་ཐན་ཧུའུ་སྤྱི་གླིང་གི་མཚོ་འགྲམ་དུ་མིང་ལ་ལི་ཕང་ཟེར་བའི་རྒད་པོ་ཞིག་སྡོད་མྱོང་ཡོད། ལོ་ཤས་གོང་གི་སྟོན་དུས་ཤིག་ལ་སྨྱུག་འཛིན་པས་རྒད་པོའི་ཁྱིམ་དུ་བསྐྱོད་དེ་ཁོང་གི་མི་ཚེའི་སྐོར་ཉན་པ་ཡིན།

ལོ་80ཡོལ་བའི་ལི་ཕང་ནི་རི་པིན་གྱི་དམག་འཁྲུག་ཉེས་ཅན་ལ་འདྲི་གཅོད་བྱེད་པའི་ནང་དངོས་སུ་ཞུགས་མཁན་གྲས་ཤིག་ཡིན་པ་དང་ཁོང་གི་ཁྱིམ་དུ་1956ལོར་རི་པིན་གྱི་དམག་འཁྲུག་ཉེས་ཅན་པར་འདྲི་གཅོད་བྱེད་སྐབས་གྱོན་པའི་ལས་གོས་གཅེས་ཉར་བྱས་འདུག

ལི་ཕང་གིས་རི་པིན་གྱི་དམག་འཁྲུག་ཉེས་ཅན་པར་དངོས་སུ་འདྲི་གཅོད་བྱས་པ་དེ་ནི་ངའི་ཚེ་གང་གི་གཟི་བརྗིད་རེད་ཅེས་བཤད་པ་སྟེ།

“འཛམ་གླིང་རྒྱང་ཤར་རྒྱལ་སྤྱིའི་དམག་དོན་ཁྲིམས་ར་དང་ཐོ་ཁེའོ་རུ་འདྲི་གཅོད་བྱས་རྗེས་ཏང་གི་འགོ་ཁྲིད་འོག་རང་རྒྱལ་སྲིད་གཞུང་གིས་རི་པིན་གྱི་དམག་འཁྲུག་ཉེས་ཅན་པ་ཁག་གཅིག་ལ་མུ་མཐུད་འདྲི་གཅོད་བྱས་པ་རེད”

“1954ལོའི་ཟླ་བ་དང་པོར་ཏང་ཀྲུང་དབྱང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཧྲུའུ་ཡིས་ཕུའུ་ཧྲུན་དམག་འཁྲུག་ཉེས་ཅན་དོ་དམ་སུའོ་རུ་བཙོན་འཇུག་བྱས་པའི་རི་པིན་དང་མན་ཇུ་རྫུས་མའི་དམག་འཁྲུག་ཉེས་ཅན་པར་འདྲི་གཅོད་དང་ནག་ཉེས་གཙང་བཤེར་བྱས་ཏེ་ཉེས་ཆད་གཅོད་རྒྱུར་འཇོག་དགོས་པའི་མཛུབ་སྟོན་གནང་བ་རེད”

“ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཧྲུའུ་ཡི་ཏང་ཙུའུ་ཡི་ཞིབ་དཔྱོད་ཀྲང་གཞོན་པ་ཐན་ཀྲེན་ཝུན་དང་།གཞུང་དོན་ཐིང་གི་ཀྲུའུ་རེན་ལི་ཕུའུ་ཧྲན།མྱུལ་ཞིབ་ཐིང་གི་ཐིང་ཀྲང་ཆོན་ཝུའེ་ཚའེ་བཅས་དང་དེ་བཞིན་པའེ་པུའུ་ཀྲོའུ་དང་ཅིན་ཀྲུའུ་གོ་སོགས་བློ་མཐུན་གྱིས་ཆེད་མངགས་ཆབ་སྲིད་ལས་དོན་དེ་འགན་འཁུར་དགོས་པའི་གཏན་འབེབས་གནང་བ་རེད”

“ཀྲུང་དབྱང་རྩ་འཛུགས་པུས་ད་དུང་རྒྱལ་ཡོངས་ཀྱི་རིམ་ཁག་ཞིབ་དཔྱོད་ཧྲུའུ་དང་དེ་བཞིན་སྤྱི་བདེ་པུའུ་དང་།དམག་ཨུད་ཀྱི་འབྲེལ་གཏུག་པུའུ།ཀྲུང་དབྱང་སྤྱི་བདེ་སློབ་གླིང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཛ་དྲག་ངང་འབྲེལ་ཡོད་མི་སྣ་350སྐོང་འཐེན་བྱས་ཏེ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཧྲུའུ་བྱང་ཤར་ལས་དོན་ཚོགས་པ་ཨུ་ཡོན་ལྷན་ཁང(གཤམ་དུ་བསྡུས་མིང་ལ་ཆེས་མཐོའི་ཞིབ་བཤེར་བྱང་ཤར་ཚོགས་པ་ཞེས་བརྗོད་རྒྱུ)བཙུགས་པ་དང་སྐབས་དེར་ཧོ་པེ་ཞིང་ཆེན་སྤྱི་བདེ་ཐིང་གི་མྱུལ་ཞིབ་རུ་དཔོན་ཡིན་པའི་ང་དེའི་ནང་ཞུགས་རྒྱུའི་སྐལ་བ་ཐོབ་བྱུང་།

“ང་ཚོ་མགྱོགས་མྱུར་པེ་ཅིང་དུ་གཅིག་སྡུད་བྱས་ནས་གསོ་སྦྱོང་བྱས་པ་དང་གསོ་སྦྱོང་གི་ནང་དོན་རྙོག་འཛིང་ཆེ་ཞིང་གལ་ཆེན་པོ་རེད་འདུག”

“དེའི་རིང་ཐན་ཀྲེན་ཝུན་གྱིས་ང་ཚོར‘རི་པིན་དང་མན་ཇུ་རྫུས་མའི་དམག་འཁྲུག་ཉེས་ཅན་པར་མྱུལ་ཞིབ་འདྲི་གཅོད་བྱེད་པའི་བྱེད་ཕྱོགས་དང་།སྲིད་ཇུས།འཐབ་ཇུས།འཐབ་རྩལ།དོ་སྣང་བྱེད་དགོས་པ་བཅས་སྐོར་”གྱི་ཆེད་དོན་སྙན་ཞུ་དང་།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཧྲུའུ་ཡི་དྲུང་ཆེ་གཞོན་པ་ཝང་ཀུའེ་ཝུའུ་ཡིས“རྒྱལ་སྤྱིའི་སྤྱི་ཁྲིམས་དང་དམག་འཁྲུག་ཉེས་གསོག་སྐོར”གྱི་ཆེད་དོན་སྙན་ཞུ།1946ལོར་ཐོ་ཁེའོ་འདྲི་གཅོད་ཆེན་པོར་ཞུགས་མྱོང་བའི་སྐད་གྲགས་ཡོད་པའི་ཁྲིམས་དཔོན་ཕྱི་འབྲེལ་པུའི་ཇུས་འདོན་པ་མའེ་རུའུ་ཨའོ་ཡིས་ཀྱང་འཛམ་གླིང་རྒྱང་ཤར་རྒྱལ་སྤྱིའི་དམག་དོན་ཁྲིམས་རས་རི་པིན་གྱི་དམག་འཁྲུག་ཉེས་ཅན་ཀ་པ་རིམ་པའི་ཏུའུ་ཐེའེ་དབྱིན་ཅི་སོགས་ལ་འདྲི་གཅོད་བྱེད་པའི་གནས་ཚུལ་ངོ་སྤྲོད་གནང་བྱུང་།སློབ་སྦྱོང་དང་གྲོས་བསྡུར་བྱས་པ་བརྒྱུད་ཚང་མའི་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོ་རུ་སོང་ནས་ལས་འགན་ལེགས་སྒྲུབ་བྱེད་པའི་གདེང་ཚོད་བརྟན་དུ་ཕྱིན་སོང”

“ང་ཚོ་ཆེས་མཐོའི་ཞིབ་བཤེར་བྱང་ཤར་ཚོགས་པའི་འདྲི་གཅོད་ཁང་དེ་ཚོགས་ཆུང་བཞི་ལ་ཕྱེ་བ་སྟེ།ཚོགས་ཆུང་དང་པོས་རི་པིན་དཔུང་སྡེའི་ཁོངས་གཏོགས་ཀྱི་དམག་འཁྲུག་ཉེས་ཅན་པར་མྱུལ་ཞིབ་འདྲི་གཅོད་དང་།ཚོགས་ཆུང་གཉིས་པས་ས་གནས་ཀྱི་སྲིད་འཛིན་དཔོན་རིགས་དང་དམག་སྲིད་དམིགས་གསུམ་གྱི་ཉེན་རྟོག་དམག་འཁྲུག་ཉེས་ཅན་པར་མྱུལ་ཞིབ་འདྲི་གཅོད།ཚོགས་ཆུང་གསུམ་པས་ཕུའུ་དབྱི་སོགས་མན་ཇུ་རྫུས་མའི་དམག་འཁྲུག་ཉེས་ཅན་པར་མྱུལ་ཞིབ་འདྲི་གཅོད།ཚོགས་ཆུང་བཞི་པས་དམག་དཔོན་རིམ་པ་མན་གྱི་རི་པིན་གྱི་དམག་འཁྲུག་ཉེས་ཅན་པར་མྱུལ་ཞིབ་འདྲི་གཅོད་བཅས་བྱས་པ་རེད”

“སྐབས་དེར་ང་ནི་ཚོགས་ཆུང་གསུམ་པའི་ཙུའུ་ཀྲང་ཡིན་པ་དང་ཕུའུ་དབྱི་སོགས་མན་ཇུ་རྫུས་མའི་དམག་འཁྲུག་ཉེས་ཅན་པར་མྱུལ་ཞིབ་ཀྱི་འགན་འཁུར་བ་ཡིན།མྱུལ་ཞིབ་འདྲི་གཅོད་ཀྱི་ལས་དོན་རྙོག་འཛིང་དང་ལྗིད་རྫོབ་ཆེ་བ་དང་།དམག་འཁྲུག་ཉེས་ཅན་པ་ཚོར་མི་འདོད་པའི་བསམ་ཚུལ་ཧ་ཅང་ཆེན་པོ་འདུག”

“མྱུལ་ཞིབ་འདྲི་གཅོད་བྱེད་འགོ་ཚུགས་སྐབས་སྐྱོབ་ཐབས་ཀྱི་བསམ་བློ་བཅངས་ནས་ལྷག་བསམ་རྣམ་དག་དང་ནན་ཏན་ངང་བློ་སྒོ་འབྱེད་པ་ཡིན།ང་རང་ངོ་མས་མན་ཇུ་རྫུས་མའི་དམག་འཁྲུག་ཉེས་ཅན་པར་གཅིག་སྡུད་ཐོག་ཆབ་སྲིད་བསམ་བློའི་སློབ་གསོ་བཏང་བ་ཡིན”

“མན་ཇུ་རྫུས་མའི་གོང་མ་ཕུའུ་དབྱི་བཙོན་དོང་དུ་ཚུད་ཀྱང་མན་ཇུ་རྫུས་མའི་དམག་འཁྲུག་ཉེས་ཅན་པའི་ཁྲོད་དུ་ཤུགས་རྐྱེན་ཆེན་པོ་ཡོད།ཕུའུ་དབྱིས་མགོ་སྒུར་ནས་རང་ཉེས་ངོས་ལེན་ཞུས་ཚེ་ངལ་བ་ཆུང་ལ་གྲུབ་འབྲས་ཆེན་པོ་ཐོབ་ཀྱི་འདུག”

“མའོ་ཀྲུའུ་ཞི་དང་ཀྲོའུ་ཙུང་ལིའི་ཐུགས་ཁུར་འོག་ཕུའུ་དབྱིའི་ཨ་ཁུ་ཙའེ་ཐའོ་དང་གཅུང་མོ་གཉིས་ཀྱང་གཉེན་འཕྲད་དུ་ཡོང་ཚེ་འདིར་འཕྲད་དཀའ་སྙམ་ཡང་བསམ་ཡུལ་འདས་པ་ཞིག་ལ་ཚང་མ་འཚོ་སྡོད་ལེགས་པོ་ཡོད་པས་སྤུན་ཉེ་མཉམ་འཛོམས་བྱུང་སྐབས་དགའ་ངུ་ཤོར”

“1954ལོའི་ཟླ་གསུམ་པར་ངས་ཕུའུ་དབྱི་བཙལ་ནས་གླེང་མོལ་ཐེངས་གཉིས་བྱས་ཏེ་ཁོང་ལ་དེང་སྐབས་ཀྱི་དུས་བབ་ངོ་སྤྲོད་བྱས་ནས་ཁོང་ལ་ཁ་ཕྱོགས་བསྟན་པ་དང་རང་ཉེས་ངོས་ལེན་ཞུ་རྒྱུའི་རེ་བ་བཏོན་པ་ཡིན”

“ངའི་བག་ཆགས་ནང་ཕུའུ་དབྱིའི་རྣམ་འགྱུར་ཤིན་ཏུ་ལེགས་པ་དང་རང་ཉིད་ཀྱིས་བསགས་པའི་ནག་ཉེས་ངོས་འཛིན་ཡང་དག་བྱུང་བ་དང་འབྲེལ་རི་པིན་གྱི་དམག་འཁྲུག་ཉེས་ཅན་པའི་ནག་ཉེས་བརྒྱ་ལྷག་ཙམ་ཐེར་འདོན་བྱས་པས་ཕྱིས་སུ་རི་པིན་གྱི་དམག་འཁྲུག་ཉེས་ཅན་པར་མྱུལ་ཞིབ་འདྲི་གཅོད་བྱ་རྒྱུར་ནུས་པ་གལ་ཆེན་ཐོན་སོང”

“འོན་ཏེ་ང་ཚོར་དཀའ་ངལ་ལ་སྐྲག་པའི་བློ་ཁ་སྤུ་ཙམ་ཡང་མེད་པས་འགལ་རྐྱེན་སྣ་ཚོགས་ཁྱད་བསད་བྱས་པ་ཡིན།རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་བརྟག་དཔྱད་དང་དཔང་ལེན་འབོར་ཆེན་བྱས་མཐར་1931ལོ་ནས་1945ལོའི་བར་གྱི་ལོ་14ཡི་རིང་རི་པིན་གྱིས་ཀྲུང་གོར་བཙན་འཛུལ་བྱས་པའི་དམག་འཁྲུག་ནང་ཀྲུང་གོའི་དམག་དམངས་ཁྱོན་བསྡོམས་ཁྲི་3500འཆི་རྨས་དང་དཔལ་འབྱོར་གྱོང་གུན་ཨ་སྒོར་དུང་ཕྱུར་6000བྱུང་བ་དེའི་ནང་གི་མི་གྲངས་ཁྲི་95ཕུའུ་ཧྲུན་དུ་བཙོན་འཇུག་བྱས་པའི་རི་པིན་གྱི་དམག་འཁྲུག་ཉེས་ཅན་པ་959ཡི་ལག་འོག་ཏུ་ཤི་བ་དང་ཆ་སྙོམས་དམག་འཁྲུག་ཉེས་ཅན་པ་རེས་ཀྲུང་གོ་བ་1000ཙམ་བསད་ཡོད”

“1956ལོའི་ཟླ་7ཚེས་1ནས་ཟླ་7ཚེས་20ཉིན་བར་ཉེས་ཚབས་ལྕི་བའི་ཝུའུ་པུའུ་ལུའུ་ཙང་སོགས་རི་པིན་གྱི་དམག་འཁྲུག་ཉེས་ཅན་པ་28ཧྲེན་དབྱང་དུ་ཡོངས་བསྒྲགས་ངང་འདྲི་གཅོད་བྱས་པ་རེད”

“ཁྲིམས་རར་གཞུང་ཕྱོགས་ཀྱི་ཁྲིམས་སྦྱོར་བ་ཡིན་པའི་ཞིབ་དཔྱོད་པས་ཁྲིམས་སྦྱོར་མ་བྱས་གོང་ང་དང་ལི་ཕུའུ་ཧྲན་གྱིས་ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་གཟིགས་ཞིབ་གནང་བའི་ཁྲིམས་སྦྱོར་ཡི་གེ་འཁྱེར་ནས་བློ་མཐུན་ཕུང་ཀྲེན་གྱི་གཞུང་ལས་ཁང་དུ་ཞིབ་བཤེར་བྱ་རྒྱུར་བསྐྱལ་བ་དང་རྗེས་སུ་སླར་ཡང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་སྐད་ཡིག་རིགས་གཅིག་མཁས་ཅན་ལུའེ་ཧྲུའུ་ཤང་གི་འགྲམ་དུ་ཡི་གེ་དག་བཅོས་བྱེད་པར་སྐྱལ་བ་ཡིན”

“རི་པིན་གྱི་དམག་འཁྲུག་ཉེས་ཅན་པའི་ནག་ཉེས་གྲངས་ལས་འདས་པའི་དཔང་རྟགས་ཁུངས་བཙན་རི་རབ་ལྟར་ཡོད་པས་ཉེས་ཆད་ལྕི་པོ་བཅད་ནས་གུ་ཡངས་གཏོང་མི་རུང་བ་ཞིག་ཡོད།འོན་ཏེ་རི་པིན་མགོ་བཏགས་ཞུས་རྗེས་ཀྱི་གནས་ཚུལ་འགྱུར་ལྡོག་དང་སྐབས་དེའི་གནས་བབ་དང་།བཙོན་འཇུག་བྱེད་རིང་དམག་འཁྲུག་ཉེས་ཅན་ཕལ་ཆེ་བས་ཚད་གཞི་མི་འདྲ་བའི་ཐོག་ནས་རང་ཉེས་ངོས་ལེན་ཞུ་བའི་མཚོན་ཚུལ།ཀྲུང་རི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་བཅས་ལ་གཞིགས་ཏེ་ཀྲུང་དབྱང་གིས་ནག་ཉེས་ཚབས་ལྕི་བའི་རི་པིན་གྱི་དམག་འཁྲུག་ཉེས་ཅན་པར་ཁྲིམས་སྦྱོར་བྱེད་པ་མ་གཏོགས་ཉེས་པ་ལྕི་པོ་མེད་པ་དང་སྤྱིར་བཏང་གི་དམག་འཁྲུག་ཉེས་ཅན་པར་ཆད་གཅོད་གུ་ཡངས་གཏོང་རྒྱུའི་གཏན་འབེབས་གནང་བ་རེད”

“1955ལོའི་ཟླ་12པར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བཙོན་འཇུག་བྱས་པའི་ནག་ཉེས་ཡང་ཙམ་དང་རང་ཉེས་ངོས་ལེན་ཡག་ཙམ་ཞུ་མཁན་རི་པིན་གྱི་དམག་འཁྲུག་ཉེས་ཅན་པ་1017ཁག་3ལ་ཕྱེ་ནས་ཁྲིམས་སྦྱོར་མི་བྱེད་པར་སོ་སོའི་རྒྱལ་ཁབ་ཏུ་ཁག་བགོས་ཕྱིར་སློག་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།རི་པིན་དུ་ལོག་རྗེས་ཁོང་ཚོས‘ཀྲུང་གོ་ནས་ཕྱིར་སློག་པའི་མཉམ་འབྲེལ་ཚོགས་པ’བཙུགས་ཏེ་ཀྲུང་གོ་དང་རི་པིན་གྱི་མཛའ་གྲོགས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་ཡོད”

“ཏང་ཀྲུང་དབྱང་གི་གཏན་འབེབས་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་གྲོས་ཆོད་ཀྱི་དགོངས་དོན་གཞིར་བཟུང་ཧྲེན་དབྱང་དང་ཐའེ་ཡོན་དམིགས་བསལ་དམག་དོན་ཁྲིམས་རས་རི་པིན་གྱི་དམག་འཁྲུག་ཉེས་ཅན་པ་45ཐག་གཅོད་གུ་ཡངས་བཏང་ནས་ལོ་12 —20བར་དུས་བཀག་བཙོན་འཇུག་བྱས་པ་རེད”

“དམག་འཁྲུག་ཉེས་ཅན་པར་འདྲི་གཅོད་ལས་དོན་མཇུག་འགྲིལ་རྗེས་ང་རང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་མྱུལ་ཞིབ་ཐིང་དུ་ལས་སྒྱུར་བྱས་རྗེས་ཐིང་ཀྲང་གཞོན་པ་དང་།གཞུང་དོན་ཐིང་གི་ཀྲུའུ་རེན་གཞོན་པ།ལས་ཁུངས་ཏང་ཨུད་ཀྱི་ཨུ་ཡོན་སོགས་ཀྱི་འགན་འཁུར་བ་ཡིན།མི་ཚེའི་སྔར་བྱས་ལ་ཕྱིར་ལྟ་བྱེད་རིམ་བཞིན་ང་ལ་བརྗེད་དཀའ་ཤོས་ནི་རི་པིན་གྱི་དམག་འཁྲུག་ཉེས་ཅན་པར་མྱུལ་ཞིབ་འདྲི་གཅོད་བྱས་པ་དེ་རེད།སྐབས་དེར་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ངར་ཤུགས་གཅིག་ཏུ་བསྒྲིལ་མཐར་མི་གསོད་སྡིག་ཅན་དེ་དག་བདེན་པའི་འདྲི་གཅོད་ཁྲིམས་སྟེགས་སུ་བསྐྱལ་ནས་ཚང་མའི་བསྔགས་བརྗོད་ཐོབ་པ་དང་གཟི་བརྗིད་ཆེན་པོ་ཡིན་པའི་ཚོར་སྣང་བྱུང་”

ད་ལྟ་ལི་ཕང་དང་རི་པིན་གྱི་དམག་འཁྲུག་ཉེས་ཅན་འདྲི་གཅོད་ནང་དངོས་སུ་ཞུགས་མཁན་ཁག་གཅིག་སྔ་རྗེས་སུ་མི་ཡུལ་ནས་བྲལ།

འོན་ཀྱང་དམག་འཁྲུག་ལས་བྱུང་བའི་སྡུག་བསྔལ་དེ་དག་ཀྲུང་གོ་མི་དམངས་ཀྱི་སེམས་ལ་རྡོ་ལ་རི་མོ་བརྐོས་པ་ལྟར་ངེས་པ་དང་ཞི་བདེར་མི་རབས་ནས་མི་རབས་བར་དོན་གཉེར་ལྷོད་མེད་བྱེད་པ་དེ་ལོ་རྒྱུས་ཀྱིས་ནམ་ཡང་དཔང་པོ་བྱེད་སྲིད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག