མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོའི་མང་ཚོགས་ཀྱིས་ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཀྱིས་མཉམ་འབྲེལ་གྱི་དམག་དོན་སྦྱོང་བརྡར་སྤེལ་བར་ངོ་རྒོལ་བྱས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-22 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཀྱི་མཉམ་འབྲེལ་གྱི་སྔོག་བཤེར་རྒུད་སྐྱོབ་ཀྱི་སྦྱོང་བརྡར་བྱ་འགུལ་དེ་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གཉིས་ཉིན་བར་སྤེལ་བ་དང་། དེ་ནི་འཇར་པན་སྲིད་གཞུང་གིས་ཟླ་བདུན་པའི་ཚེས་གཅིག་ཉིན་ཐུན་མོང་རང་སྲུང་དབང་ཆ་མེད་པར་གཏོང་རྒྱུ་ཐག་བཅད་རྗེས། ཐོག་དང་པོར་སྤེལ་བའི་ཧན་གོ་དང་འཇར་པན། ཨ་མེ་རི་ཁ་བཅས་ཀྱི་མཉམ་འབྲེལ་གྱི་མཚོ་ཐོག་སྦྱོང་བརྡར་ཞིག་ཡིན།

ཨ་མེ་རི་ཁ་རྒྱལ་ཁབ་ཀྱིས་གནམ་གྲུ་འབབ་སའི་གྲུ་གཟིངས་དང་བཅས་པའི་གྲུ་གཟིངས་གསུམ་དང་གནམ་གྲུ་གཅིག་མངག་གཏོང་བྱེད་རྒྱུ་ཡིན་པ་དང་། ཧན་གོས་གྲུ་གཟིངས་གཉིས་དང་གནམ་གྲུ་གཅིག་མངག་གཏོང་བྱེད་རྒྱུ་ཡིན་ལ། འཇར་པན་གྱིས་གྲུ་གཟིངས་གཅིག་དང་གནམ་གྲུ་གཅིག་མངག་གཏོང་བྱེད་རྒྱུ་རེད། ཧན་གོའི་དམག་ཕྱོགས་ཀྱིས་བསྟན་དོན། དེ་ནི་ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཀྱི་ལོ་རེའི་རྒྱུན་ལྡན་གྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཞིག་ཡིན་པ་དང་། དམག་དོན་འཐབ་རྩལ་གྱི་སྦྱོང་བརྡར་མ་ཡིན་ལ། ནང་དོན་ལ་མཚོ་ཐོག་གི་གནམ་གྲུའི་སྦྱོང་བརྡར་དང་། གནམ་གྲུ་འབབ་སའི་གྲུ་གཟིངས་ཀྱི་སྐྱེལ་བསུའི་འཐབ་འཁྲུག གནམ་གྲུའི་འཕུར་ལམ་འགོག་པ་སོགས་ཀྱི་ནང་དོན་འདུས་ཡོད།

ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར་ཧན་གོའི་གྲོང་ཁྱེར་སྡོད་དམངས་ཀྱི་ཚོགས་ཁག་ང་བརྒྱད་ཀྱིས་ཧྲིག་ཨར་གྲོང་ཁྱེར་ལྟེ་གནས་ནས་ངོ་རྒོལ་བྱ་འགུལ་སྤེལ་ཏེ། ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཀྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མཚམས་འཇོག་དགོས་པའི་རེ་བ་བཏོན། ངོ་རྒོལ་ཕྱོགས་ཁག་གིས་བལྟས་ན་ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱིས་སྔོག་བཤེར་རྒུད་སྐྱོབ་ཀྱི་མི་ཆོས་རིང་ལུགས་ཀྱི་མིང་ལ་ཁ་གཡར་ཡོད་པ་དང་། དོན་དངོས་ཀྱི་དམིགས་ཡུལ་ནི་དམག་དོན་གྱི་དམིགས་ཡུལ་ཏེ། འཇར་པན་གྱིས་ཐུན་མོང་རང་སྲུང་དབང་ཆ་ལག་བསྟར་བྱེད་པར་སྦྱོར་བརྡར་བྱེད་པའི་ཆེད་དུ་ཡིན་པར་འདོད། ཁོ་ཚོས་ད་རུང་ཧན་གོའི་སྲིད་གཞུང་གིས་ཧན་གོ་དང་འཇར་པན་གྱི་དམག་དོན་མཉམ་ལས་མཚམས་འཇོག་དགོས་པའི་རེ་བ་བཏོན་ནས། འཇར་པན་གྱིས་ཐུན་མོང་རང་སྲུང་དབང་ཆ་མེད་པར་བཏང་བར་མངོན་གསལ་གྱིས་ངོ་རྒོལ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག