མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་དབྱི་རག་གི་ཐལ་སྤྱོད་རྩ་འཛུགས་ཀྱིས་མི་སེར་དཀྱུས་མར་གནོད་པ་བཟོས་པར་སྐྱོན་འཛུགས་བྱས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-21 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་ཉི་ཤུའི་ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་པར་བཙན་སྐུལ་གྱིས་ཁྱིམ་གཞིས་དང་འབྲལ་དུ་བཅུག་པར་རྒོལ་གཏམ་དྲག་པོ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་རག་དང་ལོས་ཧྥན་ཐི་དབྱེ་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་མའོ་སུའུ་ཨར་སོགས་བཙན་བཟུང་བྱས་པའི་ས་ཁུལ་ནས་ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་པ་དག་ལ་བཙན་གྱིས་དབྱི་སི་ལན་ཆོས་ལུགས་ལ་སྐྱབས་བཅོལ་བྱེད་པ་དང་། དཔྱ་ཁྲལ་སྟེར་བ། མའོ་སུའུ་ཨར་དང་ཁ་འབྲལ་བ་སོགས་གདམ་གསེས་བྱེད་དུ་བཅུག་པར་ཕན་ཅི་ཝུན་གྱིས་ཧ་ལས་པའི་ཚུལ་བསྟན།

ཕན་ཅི་ཝུན་གྱིས་བསྐྱར་སྒྲོག་བྱས་དོན། འཆར་གཞི་ཡོད་པའི་སྒོ་ནས་མི་སེར་དཀྱུས་མར་འཇབ་རྒོལ་བྱེད་པ་དང་། རིགས་རྒྱུད་དང་ཆོས་ལུགས་དད་མོས་ཀྱི་དབང་གིས་མི་སེར་དཀྱུས་མ་ཁག་ཅིག་ལ་འཇབ་རྒོལ་བྱེད་པ་གང་ཡིན་ཡང་མིའི་རིགས་ལ་རྒོལ་བའི་ནག་ཉེས་ཡིན་པས། ངེས་པར་དུ་རྩད་གཅོད་ནན་མོ་བྱེད་དགོས་པ་བསྐྱར་སྒྲོག་བྱས། དབྱི་རག་དང་ལོས་ཧྥན་ཐི་དབྱེ་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་རྩ་འཛུགས་དང་བཅས་པའི་དྲག་ཆས་ཚོགས་ཁག་ཚང་མས་ངེས་པར་དུ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་བརྩི་སྲུང་བྱས་ཏེ། བཙན་བཟུང་ས་ཁུལ་གྱི་མི་སེར་དཀྱུས་མའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

ཕན་ཅི་ཝུན་གྱིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་འབད་བརྩོན་བྱས་ཏེ། དབྱི་རག་སྲིད་གཞུང་དང་ཁུའུ་ཨར་ཏི་ས་གནས་སྲིད་གཞུང་བར་མཉམ་ལས་བྱས་ཏེ། དེང་སྐབས་ཀྱི་འཁྲུག་རྩོད་དང་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ལས་དབྱི་རག་དང་ས་ཁུལ་དེར་བཟོས་པའི་མི་ཆོས་རིང་ལུགས་ཀྱི་དགོས་མཁོ་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག