མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་པཱ་སི་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ་ཅཱ་ཧྲའི་གནས་ཚུལ་ལ་གྲོས་བསྡུར་བྱེད་རྒྱུའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-21 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མྱུར་དུ་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། ཇེ་སྡུག་ཏུ་འགྲོ་བཞིན་པའི་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་པཱ་སི་ཡིས་ཉིན་དེར་ཕཱ་ལེ་སི་ཐན་བརྙན་འཕྲིན་ཁང་བརྒྱུད་དེ་གཏམ་བཤད་སྤེལ་ནས། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དམར་གསོད་བྱ་སྤྱོད་ནི་མིའི་རིགས་ལ་རྒོལ་བའི་ནག་ཉེས་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མྱུར་དུ་གྲོས་ཚོགས་བསྡུས་ཏེ། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པར་ཡར་སྐུལ་བྱེད་དགོས་ཟེར།

ཨ་པཱ་སི་ཡིས་གཏམ་བཤད་སྤེལ་སྐབས་ཀྲུང་ཏུང་གནད་དོན་གྱི་འབྲེལ་ཡོད་ཕྱོགས་བཞི་ཡིས་གནད་འགག་གི་སྐབས་འདིར་འགན་ཁུར་བའི་རྣམ་འགྱུར་བཟུང་སྟེ། ཕཱ་ལེ་སི་ཐན་མི་དམངས་ཀྱི་ཚེ་སྲོག་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་། ཨ་པཱ་སི་ཡིས་བཤད་རྒྱུར། ཁོས་མུ་མཐུད་དུ་ཨ་རབ་རྒྱལ་ཁབ་དང་རྒྱལ་ཁབ་གཞན་པའི་མགོ་ཁྲིད་པར་ཐུག་འཕྲད་བྱས་ཏེ། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་སྔ་མོ་ནས་མཚམས་འཇོག་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་དེ་ཚེས་ཉི་ཤུའི་ཉིན་ཆེས་ཚབས་ཆེན་དུ་གྱུར་བ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ཤར་ཕྱོགས་ཀྱི་སྡོད་དམངས་འདུས་སྡོད་ས་ཁུལ་ཞིག་ཏུ་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི་དྲུག་ཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་བརྒྱ་ཙམ་ལ་རྨས་ཕོག་རྒྱུ་རེད་ཟེར། དེ་ནི་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་ས་ངོས་ནས་དཔུང་འཇུག་བྱས་པའི་ཚུན་ཤི་རྨས་བཟོས་པ་ཆེས་ཚབས་ཆེ་བའི་འགུལ་སྐྱོད་ཅིག་ཡིན་པ་རེད། ཚེས་ཉི་ཤུའི་ཉིན་གཅིག་པུར། ཕཱ་ལེ་སི་ཐན་གྱི་མི་བརྒྱ་ལྷག་གིས་དབྱི་སི་རལ་གྱི་དམག་དཔུང་གི་འགུལ་སྐྱོད་ཁྲོད་རྐྱེན་ལམ་དུ་ཤོར་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག