མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོས་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་སྡོད་དམངས་འདུས་སྡོད་ཁུལ་དུ་འགས་གཏོར་འགུལ་སྐྱོད་སྤེལ་བར་རྒོལ་གཏམ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-21 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དྲུང་ཡིག་ཆེན་མོ་ཨ་ལཱ་པུས་ཀྱིས་ཚེས་ཉི་ཤུའི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ཤར་ངོས་ཀྱི་སྡོད་དམངས་འདུས་སྡོད་བྱེད་ས་ཞིག་ཏུ་མེ་སྒྱོགས་ཀྱིས་འཇབ་རྒོལ་བྱས་ནས་ཤི་རྨས་ཚབས་ཆེན་བཟོས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། ཞོར་དུ་དབྱི་སི་རལ་ཕྱོགས་ཀྱིས་གང་མགྱོགས་སྒོས་དྲག་ཤུགས་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་མི་གྲངས་མང་བོ་འདུས་སའི་ཧྲ་ཅཱ་ཡེ་སྲང་ལམ་ནས་སྤེལ་བའི་ལུགས་མེད་ཀྱི་བྱ་སྤྱོད་ནི་ཕཱ་ལེ་སི་ཐན་མི་དམངས་ལ་བཟོས་པའི་འཐབ་འཁྲུག་ནག་ཉེས་ཤིག་ཡིན་པ་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་འགྱུར་བའི་ཉེན་ཁའི་བྱ་སྤྱོད་ཅིག་ཀྱང་ཡིན་ལ། དབྱི་སི་རལ་གྱིས་ཐེངས་འདིའི་ནག་ཉེས་བྱ་སྤྱོད་དེར་འགན་ཡོངས་སུ་འཁུར་དགོས་ཟེར། ཨ་ལཱ་པུས་ཀྱིས་ད་རུང་དབྱི་སི་རལ་གྱིས་མྱུར་དུ་ཅཱ་ཧྲ་ས་ཁུལ་གྱི་བཙན་འཛུལས་བྱ་སྤྱོད་མཚམས་བཞག་སྟེ། ཕཱ་ལེ་སི་ཐན་མི་དམངས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེའི་ཞོགས་པར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཉེ་བའི་དམག་དོན་འགུལ་སྐྱོད་དེར་རྒོལ་གཏམ་བཏང་བར་མ་ཟད། ཨེ་ཅིབ་སྲིད་གཞུང་དང་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕཱ་ལེ་སི་ཐན་གྱི་མི་དམངས་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག