མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དང་ཨ་མེ་རི་ཁའི་ཕྱི་འབྲེལ་བློན་ཆེན་གྱིས་བལྟས་ན་ངེས་པར་དུ་བྲེལ་མྱུར་བྱེད་ཐབས་སྤྱད་དེ་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་དགོས་པར་འདོད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-20 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་དགུའི་ཉིན་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ལ་ཁ་པར་བཏང་སྟེ། ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། ཕྱོགས་གཉིས་ཀྱིས་ངེས་པར་དུ་བྲེལ་མྱུར་བྱེད་ཐབས་སྤྱད་དེ་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་འཐད་པ་བྱུང་།

ལྷག་བསམ་རྣམ་དག་གི་གྲོས་བསྡུར་ཁྲོད་ལཱ་ཧྥུའུ་ལོ་ཧྥུའུ་དང་ཁི་ལེ་གཉིས་ཀྱིས་ལྟ་ཚུལ་དང་ཁུངས་ལུང་བརྗེ་རེས་བྱས་པ་དང་། མཱ་ལེ་ཞི་ཡཱའི་འགྲུལ་སྐྱེལ་གནམ་གྲུMH17སར་ལྷུང་བའི་རྒྱུ་རྐྱེན་ལ་ཕྱོགས་རིས་ཅི་ཡང་མེད་པའི་རྒྱལ་སྤྱིའི་རྟོག་ཞིབ་བྱེད་པར་ཁག་ཐེག་བྱེད་པར་གྲོས་འཆམ་བྱུང་བ་དང་། རྟོག་ཞིབ་གསལ་བོ་བྱེད་པའི་བྱ་བ་དེ་རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་ཀྱི་གཙོ་ཁྲིད་འོག་སྤེལ་དགོས་ལ། གནས་ཚུལ་གསལ་བོར་རྟོག་ཞིབ་བྱེད་པར་རོགས་རམ་བྱེད་འདོད་ཡོད་པའི་ཕྱོགས་ཚང་མ་མཉམ་དུ་ཞུགས་དགོས་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་དང་ཁི་ལེ་གཉིས་ཀྱིས་གཞི་གྲངས་སྒམ་ཆུང་དང་བཅས་པའི་དངོས་དཔང་དག་རྒྱལ་སྤྱིའི་རྟོག་ཞིབ་ཁྱབ་ཁོངས་དེར་ཞིབ་འཇུག་དང་བེད་སྤྱོད་བྱེད་པར་འདོན་སྤྲོད་བྱེད་པ་དང་། ས་དེས་རྒྱལ་སྤྱིའི་ཆེད་མཁས་འཐུས་ཚབ་ཚོགས་པའི་དགོས་ངེས་ཀྱི་ཆ་རྐྱེན་གང་རུང་ལ་ཁག་ཐེག་བྱེད་པར་འཐད་པ་བྱུང་།

ཕྱོགས་གཉིས་ཀྱིས་དུས་ཡུན་རིང་བོར་བརྟན་འཇགས་ཡོང་བར་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་ཆེད། ཕྱོགས་སོ་སོས་ཨུ་རུ་སི་དང་ཨ་མེ་རི་ཁ། ཝུའུ་ཁི་ལན། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱིས་ཟླ་བཞི་བའི་ཚེས་བཅུ་བདུན་ཉིན་བཀོད་པའི་རི་ནེ་ཝའི་གསལ་སྒྲོག་གཞིར་འཛིན་དགོས་པ་ཁས་ལེན་བྱས། སྤྱི་སྒྲོག་ལས་བཤད་རྒྱུར། ལཱ་ཧྥུའུ་ལོ་ཧྥུའུ་དང་ཁི་ལེ་གཉིས་ཀྱིས་ཨུ་རུ་སི་དང་ཨ་མེ་རི་ཁའི་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་དགོས་ཟེར། ཁོ་གཉིས་ཀྱིས་ད་རུང་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་གྱི་འཁྲུག་རྩོད་དེ་དམག་དོན་ལ་བརྟེན་ནས་ཐག་གཅོད་བྱེད་ཐབས་མེད་ལ། ཞི་བདེའི་ཐབས་ལམ་དང་མི་རིགས་ཡོངས་ཀྱིས་ཕན་ཚུན་མཐུན་སྦྱོར་བྱེད་པ་ལས་ཐག་གཅོད་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག