མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཉོ་ཚོང་བློན་ཆེན་གྱིས་དཔལ་འབྱོར་འཕར་སྣོན་གྱི་དམ་བཅའ་བསྐྱར་སྒྲོག་བྱས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-20 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཉོ་ཚོང་བློན་ཆེན་གྲོས་ཚོགས་དེ་ཚེས་བཅུ་དགུའི་ཉིན་ཨོ་སི་ཁྲུ་ལི་ཡཱའི་ཞི་ནེ་ནས་ཚོགས་པ་དང་། ཚོགས་ཞུགས་འཐུས་མི་དག་གིས་དཔལ་འབྱོར་འཕར་སྣོན་ཐད་ཀྱི་ཉོ་ཚོང་དང་དངུལ་གཏོང་གི་གལ་ཆེན་རང་བཞིན་དང་། དེ་མིན་མ་འོངས་པར་སྔར་ལས་བརྟན་བརླིང་གི་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་མ་ལག་ཇི་ལྟར་འཛུགས་པར་གྲོས་བསྡུར་བྱས།

ཨོ་སི་ཁྲུ་ལི་ཡཱའི་ཉོ་ཚོང་དང་དངུལ་གཏོང་བློན་ཆེན་ལོ་པུའུ་ཡིས་གྲོས་ཚོགས་མགོ་རྩོམ་སྐབས་བསྟན་དོན། མ་འོངས་པའི་འཛམ་གླིང་ལ་ཡོང་འབབ་གསར་བ་དགོས་པ་དང་། ཉོ་ཚོང་དང་དངུལ་གཏོང་ནི་དཔལ་འབྱོར་འཕར་སྣོན་ལ་སྐུལ་ཁྲིད་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་མངོན་གསལ་རེད་ཟེར།

ལོ་པུའུ་ཡིས་བཤད་རྒྱུར། ཉོ་ཚོང་བློན་ཆེན་ཚོས་རྒྱལ་ཁབ་རང་གི་སྲིད་ཇུས་བཅོས་བསྒྱུར་བྱས་ཏེ། སྒེར་གཉེར་ཁེ་ལས་ལ་སྔར་ལས་ཕན་པའི་ཁོར་ཡུག་ཅིག་བསྐྲུན་དགོས་པ་དང་། ཁོ་ཚོས་འགྲན་རྩོད་ལ་བརྟེན་ནས་མུ་མཐུད་དུ་ལས་སྒོ་རྒྱ་བསྐྱེད་ནས། ཚོང་ལས་བྱ་འགུལ་དང་དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་བྱེད་པར་བྱས་རྗེས་འཇོག་དགོས་ཟེར།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་བློན་ཆེན་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བའི་གྲོས་ཚོགས་དེ་ད་ལོའི་ཟླ་གཉིས་པར་ཞི་ནེ་ནས་ཚོགས་སྐབས། ཚོགས་ཞུགས་ཁོངས་མི་དག་གིས་མ་འོངས་པའི་ལོ་ལྔའི་ནང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་སྤྱིའི་ཐོན་རིན་དེ་མིག་སྔའི་ཚོད་དཔག་ཆུ་ཚད་ལས་བརྒྱ་ཆའི་གཉིས་ཀྱིས་ཇེ་མཐོར་འགྲོ་བར་བརྩོན་ལེན་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཀྱང་། ལོ་པུའུ་ཡིས་ཚེས་བཅུ་དགུའི་ཉིན་ཉོ་ཚོང་བློན་ཆེན་གྱི་གྲོས་ཚོགས་གྲོལ་རྗེས་མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔའི་བར་སྡེ་ཚོགས་དེའི་ཁོངས་གཏོགས་རྒྱལ་ཁབ་དག་གི་བྱེད་ཐབས་དང་བཅོས་བསྒྱུར་སྣ་ཚོགས་ཀྱིས་བརྒྱ་ཆའི་གཅིག་འཕར་སྣོན་འབྱུང་བར་ཁག་ཐེག་བྱེད་ཐུབ་པ་ཙམ་ཡིན་པས། ཁོངས་གཏོགས་རྒྱལ་ཁབ་སོ་སོས་མུ་མཐུད་དུ་འབད་བརྩོན་བྱེད་དགོས་ཟེར།

མིག་སྔར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་དཔལ་འབྱོར་སྤྱི་འབོར་དེ་འཛམ་གླིང་ཡོངས་ཀྱི་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་གྱ་ལྔ་ཡིན་པ་དང་། ཉོ་ཚོང་འབོར་གྲངས་དེ་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་གི་བརྒྱ་ཆའི་དོན་ལྔ་ཡིན་ལ། མི་གྲངས་ཀྱིས་འཛམ་གླིང་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི་སུམ་ཆའི་གཉིས་ཟིན་ཡོད། ཉིས་སྟོང་བཅུ་བཞི་ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་གཙོ་སྒྲུབ་རྒྱལ་ཁབ་ཡིན་པའི་ཆ་ནས། ཨོ་སི་ཁྲུ་ལི་ཡཱ་ཡིས་ཟླ་དགུ་བར་ད་རུང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་བློན་ཆེན་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བའི་གྲོས་ཚོགས་ཐེངས་གཉིས་པ་སྤེལ་རྒྱུ་ཡིན་པ་དང་། ཟླ་བཅུ་གཅིག་པར་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་སྤེལ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག